Saturday, 29 March 2014

གསར་གཏོད་ཀྱི་སྙིང་སྟོབས་གླེང་བ།

མཐོ་སྒང་བོད་པ་ཚང་གི་འདས་ཟིན་པའི་ལོ་ཟླའི་འགྱུར་སྟབས་ལ་སྒམ་བརླིང་གིས་ཕྱིར་རྟོག་ཅིག་བྱས་ན་ཡིད་ཀྱི་མཚོ་མོའི་གཏིང་ལས་ནམ་ཡང་ཞི་ཐབས་མེད་པའི་འགྱོད་གདུང་གི་རྦ་རླབས་དྲག་པོ་ཤིག་འཕྱུར་བཞིན་པར་མ་ཟད་ཕམ་ཁའི་རྡོག་མཁྲེས་ལྟ་བུ་རྒྱབ་ཏུ་ཁུར་བའི་ཚོར་སྣང་སྐྱེན་པོ་ཞིག་སེམས་ཀྱི་གཏིང་རིམ་ན་ཟུག་ཅིང་ཀླད་པའི་སྦུབས་སུ་ཞུགས་ནས་དུས་ནམ་ཡང་བཅོས་ཐབས་མེད་པའི་ནད་རྙིང་ལྟ་བུ་ཞིག་རེད་ཨང་།  བདག་གི་འགྱོད་གདུང་གི་སྡུག་བསྔལ་འདི་ལྟ་བུ་ནི་ཁྲག་རྒྱུན་གཅིག་པའི་སྤོ་སྤོ་དང་རྨོ་རྨོ་གྲོངས་པའི་སྡུག་བསྔལ་ཞིག་མ་ཡིན་ལ་རང་བྱུང་འབྱུང་བས་བཟོས་པ་ཞིག་དེ་བས་ཀྱང་མིན།   དེ་ནི་བོད་མི་རིགས་ལ་གསར་གཏོད་ཀྱི་སྙིང་སྟོབས་ལྡན་པའི་མཁས་པའི་དབང་པོ་སྟེ།  རྣམ་དཔྱོད་ཀྱི་གཟི་འོད་ཕྱོགས་བཞིར་འབར་བཞིན་མི་རིགས་ཤིག་གི་རྒྱང་རིང་གི་གནས་ལུགས་རྟོགས་པའི་མཚན་ཉིད་སྨྲ་བ་སྙན་ངག་པ་ཆེན་པོ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་ནི་གསར་གཏོད་ཀྱི་རྨི་ལམ་ཐེངས་གཅིག་བཏང་ནས་འཇིག་རྟེན་ཕ་རོལ་དུ་བཞུད་སོང་བ་རེད།  འདི་ནི་བོད་མི་རིགས་ཀྱིས་བཻཊཱུརྱའི་བུམ་པ་ས་ལ་བརྡབ་པའི་མུན་པའི་དུས་རབས་ཤིག་ཡིན།  བོད་ཀྱི་སྙན་ངག་པ་འཇུ་སྐལ་བཟང་གིས་ ཁྱོད་ཀྱི་བང་སོ་དེ/ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ནས་རྙེད་བྱུང་ ཅེས་སྙན་ངག་པའི་སེམས་ཀྱི་གཏིང་རིམ་ནས་བརྡོལ་བའི་ངག་གི་དབྱངས་འདི་ནི་ཅི་འདྲའི་བདེན་ཁ་སྟེར་ཆོག་པ་ཞིག་རེད།  མཁས་དབང་ཁོང་གིས་རྒྱལ་ཁམས་རིག་པའི་བསྐོར་ནས་དཔྱོད་ཤེས་ཀྱི་བློ་མིག་ཁབ་ལེན་རྡོ་བས་ལེན་པ་བཞིན་གནས་ལུགས་དང་གནས་ལུགས་བསྡུར་ནས་གངས་ཅན་བོད་ཀྱི་རྒྱལ་ཁམས་ལ་ཆེས་རྗེས་སུ་ལུས་པའི་རིག་གནས་དང་རྒྱལ་ཁབ་འཛིན་སྐྱོང་ཐད་ལ་འཐུས་སྒོ་ཚང་བའི་སྔར་མེད་གསར་གཏོད་ཀྱི་དགོངས་པ་ཟབ་མོ་དེ་དཔྱོད་ཤེས་ཀྱི་བློ་མིག་ལྡོངས་པའི་སྐུ་དྲག་ཚོས་ཟུར་ཙམ་ཡང་མ་རྟོགས་པའི་ཁར་རང་གི་སྐུ་སྟེགས་དང་དབང་ཐང་ལ་ཞེན་དྲགས་པས་འཕྲལ་དུ་མཁས་མཆོག་ཁོང་གི་སྐེ་ལ་ལྕགས་ཐག་ཅིག་གཡོགས་ནས་འཇིག་རྟེན་ཕྱི་མའི་ཡུལ་ལ་བརྫངས་སོང་།
ཨེ་མ་ཅི་འདྲའི་བློ་ཕམ་པ་ཞིག་རེད་ཨང་། གལ་ཏེ་ཁོང་གི་གསར་གཏོད་ཀྱི་སྙིང་སྟོབས་ལ་ངེས་པར་དང་དུ་ལེན་ཐུབ་ཡོད་ན་ང་རང་ཚོ་ཁྲག་དྲི་ཁ་བའི་ལོ་ཟླ་ཞིག་ཕར་བསྐྱལ་དགོས་བྱུང་མེད་ལ་མིག་སྔར་བཟོད་གླགས་མེད་པའི་མནར་གཅོད་ཀྱི་གོ་རིམ་ཞིག་བརྒྱུད་དགོས་པ་དེ་བས་ཀྱང་ག་ལ་ཡོད།  འོན་ཀྱང་ཁོང་གི་བསམ་བློ་གསར་པའི་སྙིང་སྟོབས་ལ་དང་ལེན་མ་ཐུབ་ཀྱང་གསེར་དང་འདྲ་བའི་རྣམ་དཔྱོད་ཅན་ཁོང་ཉིད་འཇིག་རྟེན་འདི་ནས་གཏན་དུ་གྱེས་བཅུག་པ་ནི་ཅི་འདྲའི་བཟོད་དཀའ་བ་ཞིག་རེད་ལ་ང་ཚོ་མི་རབས་གསར་པའི་མདུན་ལམ་ལ་འགག་རྡོ་ཆེན་པོ་ཞིག་བསྐྲུན་པ་དང་ཅིས་མ་མཚུངས།  རྒྱའི་རྩོམ་པ་པོ་གྲགས་ཅན་ཡུས་ཏ་ཧྥུ་ཡིས་འདི་འདྲ་ཞིག་གསུངས་ཡོད་         རླབས་ཆེན་གྱི་མི་སྣ་བྱུང་མ་མྱོང་བའི་མི་རིགས་ནི་འཛམ་གླིང་སྟེང་ཆེས་སྙིང་རྗེ་བའི་སྐྱེ་འགྲོའི་ཚོགས་ཤིག་རེད་ལ། རླབས་ཆེན་གྱི་མི་སྣ་བྱུང་ཡང་དེར་བརྩི་བཀུར་དང་དགའ་ཞེན། ཡིད་སྨོན་བཅས་མི་བྱེད་པའི་རྒྱལ་ཁབ་ནི་རེ་བ་མེད་པའི་བྲན་གཡོག་གི་རྒྱལ་ཁབ་ཅིག་རེདཅེས་འདི་ལྟ་བུའི་སྡོམ་ཚིག་བཀོད་པ་ནི་གནད་ལ་འཁེལ་བའི་མཁས་པའི་སྡོམ་ཚིག་ཅིག་ཅི་ལ་མིན།  ད་དུང་དེ་ལས་ཀྱང་ཡིད་སྐྱོ་བ་ནི་སྙན་ངག་གསར་པའི་ཤིང་རྟ་བ་ཆེན་པོ་དཔལ་དོན་གྲུབ་རྒྱལ་མཆོག་ཀྱང་དཀར་གསལ་གྱི་ཟླ་བ་ལྷ་མོ་དགྲ་ཅན་གཟའ་ཡིས་འཛིན་པ་བཞིན་འཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ལ། བ་ཚའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོདཅེས་གསུང་བཞིན་བོད་མི་ཚོས་ཆེས་རྨོངས་དད་ཀྱི་ཁ་བཏགས་གཡོགས་ས་བླ་སྤྲུལ་གྱི་བྱ་སྤྱོད་ལ་ཐེར་འདོན་གྱི་མཛུབ་མོ་བཙུགས་ཤིང་གསར་གཏོད་ཀྱི་བློ་སྒོ་དབེན་ཞིང་མེས་པོས་བཏོད་པའི་རྐང་ལམ་ཕྲ་མོའི་སྟེང་དུ་སོས་དལ་བག་ལྷོད་ཀྱིས་འདེགས་འཇོག་བྱེད་བཞིན་པའི་རང་ཉིད་ཀྱི་སྤུན་ཟླ་ལ་རྨོངས་གཉིད་དཀྲོག་པའི་དུང་སྒྲ་རིང་མོ་ཞིག་བུད་ཡང་ཁོང་ལ་ཐོབ་པའི་ཆེས་མཐའ་མཇུག་གི་འབྲས་བུ་ནི་ན་གཞོན་གྱི་དུས་ནས་འཇིག་རྟེན་དང་གཏན་བྲལ་བྱས་དགོས་པ་དེ་རེད།  ཅི་འདྲའི་སེམས་པ་སྡུག་དགོས་པ་ཞིག་རེད་ཨང་།   མཁས་དབང་ཁོང་གི་མིག་རྒྱང་རིང་པོའི་ལྟ་ཚུལ་ལ་དང་ལེན་མ་ཐུབ་ཀྱང་ཁོང་འཇིག་རྟེན་འདི་ན་འཚོ་འདོད་མེད་པའི་སྡིགས་སྨོད་སུན་སྣང་གི་ཁོར་ཡུག་ཅིག་བསྐྲུན་པ་ནི་འགྲོ་བ་མི་ཞིག་ལ་མཚོན་ན་ཞར་ཡང་བྱེད་མ་འོས་པ་ཞིག་རེད།  ངེས་དོན་གྱི་མཁས་པའི་དབང་པོ་ཞིག་ངོས་འཛིན་མ་ཐུབ་པ་དེ་ནི་གསེར་རྡོག་ཆེན་པོ་ཞིག་སོལ་བ་དང་བརྗེ་བསྒྱུར་བྱས་པ་ཀུན་ནས་མཚུངས་སོ།།  དེ་བས་མི་ཚད་ངའི་སེམས་སུ་ད་དུང་ཡིད་སྐྱོ་བའི་གནས་ཚུལ་གཞན་ཞིག་ནི་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་ཀྱང་བརྒྱུད་ལམ་གོང་དང་མཚུངས་པར་སྐུ་ཚེ་གཞན་དོན་དུ་གཤེགས་པ་རེད།  དམ་པ་མཆོག་གིས་རང་རིགས་ཕ་མེས་ཡང་མེས་ཀྱིས་ཁྱིམ་གཞིས་ཟིན་པའི་འཛམ་གླིང་ཡང་རྩེའི་བདག་པོ་སྟེ་མཐོ་སྒང་བོད་པ་ཚང་གི་ཚེ་སྲོག་གི་སྨྱུ་གུ་རྒྱས་ས་གངས་ཅན་བོད་ཀྱི་རྒྱལ་ཁམས་འདི་ལ་ངེས་པར་དོན་གྱིས་མཁོ་བའི་དམག་དོན་གྱི་སྒྲིག་གཞི་གསར་འཛུགས་དང་གཞུང་གི་འཛིན་སྐྱོང་ཐད་ལ་བཅོས་བསྒྱུར་གྱི་དགོངས་དོན་བླ་ན་མེད་པ་ཞིག་འཁྲུངས་པའི་ཁར་ཕྱི་རྒྱལ་ནུབ་ཕྱོགས་ཡུལ་དུ་བོད་ཕྲུག་ཆེད་གཏོང་གིས་མཚོན་དེང་དུས་ཤེས་ཡོན་གྱི་ཐོག་ལ་ཐུགས་དཀྱེལ་རྒྱ་ཆེ་མངའ་ཡང་ཕུགས་རྒྱང་རིང་པོའི་བློ་མིག་ལྡོངས་ཟིན་པའི་སྐུ་དྲག་ཚོ་ནི་རང་ཉིད་ཀྱི་རྐུབ་སྟེགས་ཤོར་ལ་དོགས་པས་དམ་པ་ཁོང་གི་བཀའ་དགོངས་བཞིན་དུ་ལམ་ལྷོང་བྱུང་མེད་པར་མ་ཟད། མཐའ་མའི་དགོང་པ་རྫོགས་ཚུལ་དེ་ཡང་ལན་འདེབས་མེད་པའི་འདྲི་རྟགས་ཆེན་པོ་ཞིག་ལོ་རྒྱུས་ཀྱི་དེབ་ཐེར་ན་གནས་ཡོད། རང་རེ་བོད་མི་ཚོས་འདི་དང་འདི་ལྟ་བུའི་ནོར་འཁྲུལ་ཇི་སྙེད་ཅིག་བཟོས་ཡོད་པ་དང་གསེར་དང་མཚུངས་པའི་རྣམ་དཔྱོད་ཅན་ཕངས་སེམས་མེད་པར་ས་ལ་ཇི་སྙེད་ཅིག་བརྡབས་ཡོད་པ་དེ་ནི་དུས་ནམ་ཡང་བརྗེད་ཐབས་མེད་པའི་ལོ་རྒྱུས་ཀྱི་དོན་གནད་ཅིག་ཏུ་གྱུར་ཡོད།   འདི་དག་ཆ་ཚང་ནི་རང་རེ་བོད་མི་ཚོར་གསར་གཏོད་ཀྱི་སྙིང་སྟོབས་དབེན་ཞིང་བཅོས་བསྒྱུར་གྱི་བསམ་བློ་ཞན་དྲགས་པའི་རྐྱེན་གྱིས་ཡིན་ལ་བྱ་བཞག་གསར་པ་ཞིག་ལ་འཇུག་ཐུབ་པའི་གདོང་འཆོང་ལྟ་བུའི་སྙིང་སྟོབས་དེ་མེེད་པས་རེད།  དེའི་རྐྱེན་གྱིས་གསར་གཏོད་ཀྱི་སྙིང་སྟོབས་དང་ཕུགས་རྒྱང་རིང་པོའི་བློ་མིག་ལྡན་པའི་གོང་བཀོད་མི་སྣ་གསུམ་ལ་མི་རབས་གསར་པའི་སེམས་ནང་དུ་ཕངས་སེམས་ཀྱི་འགྱོད་གདུང་སྐྱེས་དགོས་པ་དེ་བྱུང་བ་རེད་ཨང་།   རྒྱུ་མཚན་དེ་དང་དེའི་དབང་གིས་འདས་དོན་ལོ་རྒྱུས་ཀྱིས་ང་ཚོར་སྤྲད་པའི་སློབ་གསོ་དེ་སྙིང་དབུས་སུ་ཉར་ནས་གསར་གཏོད་ཀྱི་སྙིང་སྟོབས་གླེང་རྒྱུ་དང་གསར་གཏོད་ཀྱི་བྱ་བཞག་ལ་ཁ་ཕྱོགས་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་སེམས།  གང་ཡིན་ཞེ་ན་རང་རེ་བོད་པ་ཚོས་མེས་པོས་གང་ཞིག་ཤུལ་བཞག་གནང་པའི་རིག་གནས་བཅས་ལ་ལོངས་སྤྱོད་བྱེད་ཤེས་པ་ལས་བསྐྱར་དུ་བསྐྱར་ཞིབ་དང་བསྒྱུར་བཅོས་གཏང་རྒྱུའི་བློ་སྒོ་གསར་པ་མེད་ལ་བསམ་གཞིག་གཏང་རྒྱུའི་གོམས་གཤིས་ཀྱང་མེད་པ་རེད།  ང་ཚོས་་གསར་གཏོད་བྱེད་རྒྱུའི་བསམ་གཞིག་གཏོང་གིན་མེད་ལ་མིག་མདུན་གྱི་རིག་གནས་ལ་ཡིད་ཚིམས་ནས་བག་ལྷོད་ངང་འདུག་རྒྱུར་ཧ་ཅང་གོམས་ཡོད།  རྒྱུ་མཚན་དེའི་ཕྱིར་དུས་རབས་ཉི་ཤུ་རྩ་གཅིག་ནང་གི་ང་ཚོ་སྟེ།  བསམ་བློ་གསར་པ་དང་ཐབས་ཇུས་གསར་པ། བྱ་བཞག་གསར་པ་དང་མདུན་བསྐྱོད་གསར་པ་བཅས་སྒོ་ཀུན་ནས་གསར་གཏོད་ཀྱི་ཕྱོགས་སུ་ཁ་ཕྱོགས་དགོས་སྟབས་གུས་པ་རང་ཉིད་ཀྱི་བསམ་པའི་འཆར་སྒོ་མཆིས་པ་ཁག་ཅིག་ཁྱེད་ཀྱི་མིག་ལམ་དུ་རེ་རེ་བཞིན་བསྟར་རྒྱུ་ཡིན།  དང་པོ།  རང་རེ་བཙན་བྱོལ་སྤྱི་ཚོགས་སུ་ཡོད་པའི་དམའ་རིམ་སློབ་ཕྲུག་དང་གཞི་རིམ་སློབ་ཕྲུག་ཁག་ལ་མི་རིགས་ཀྱི་ལྟ་བ་སྤྲོད་རྒྱུ་ནི་གཡོལ་དུ་མི་རུང་བའི་གལ་གནད་ཅིག་ཡིན།  གང་ཡིན་ཟེར་ན་བཙན་བྱོལ་ནང་གི་སློབ་ཕྲུག་ཚོ་རང་མི་རིགས་ཀྱི་ལྟ་བ་ཧ་ཅང་གིས་ཞན་ཆར་གྱུར་ཡོད།   མི་རིགས་ཀྱི་ལྟ་བ་དང་ཤ་ཞེན་མེད་ན་སློབ་སྦྱོང་ཅི་ཙམ་སྤྲད་ཀྱང་ལྟོ་གོས་གཏམ་གསུམ་གྱི་རྗེས་འཇུག་ཅིག་ལས་རང་མི་རིགས་ཀྱི་རྩ་དོན་དང་སོ་སོའི་མི་རིགས་ཀྱི་ལེགས་བྱང་ཐོག་ལ་ཕན་ནུས་ཅན་གྱི་མི་སྣ་ཞིག་ཏུ་གྲུབ་ཡོང་བ་ནི་ཤིན་ཏུ་ཉུང་ཉུང་ནས་ཉུང་ཉུང་ཡིན།  ཁོང་རྣམས་ནི་དོན་གྱི་བདག་པོ་མ་འོངས་བོད་ཀྱི་སོན་རྩ་ཡིན་པས་མ་འོངས་བོད་ཀྱི་སོན་རྩ་ཡོང་བར་ཐོག་དང་པོ་སོ་སོའི་རྒྱལ་ཁབ་ལ་ལ་རྒྱ་དང་རང་གི་མི་རིགས་ལ་ཤ་ཞེན་ཡོང་དགོས་པ་ཡིན།  རྒྱལ་ཁབ་ལ་ལ་རྒྱ་དང་མི་རིགས་ལ་ཤ་ཞེན་ཡོང་དགོས་ན་ཐོག་མར་སློབ་མ་དེའི་སེམས་ཁམས་གསོ་སྐྱོང་དང་མི་རིགས་ཀྱི་སློབ་གསོ་སྤྲོད་དགོས།  སློབ་གསོ་ནི་བླ་ན་མེད་པའི་ནུས་སྟོབས་ཅན་ཞིག་ཡིན་པ་སློབ་གསོའི་སྐོར་གྱི་དཔེ་དེབ་ཁག་ལས་མངོན་པར་གསལ་ཡོད།  རང་ཉིད་སློབ་གྲྭར་འགྲིམས་པའི་བརྒྱུད་རིམ་དང་གཞན་གྱི་བརྒྱུད་རིམ་ཁག་ལ་རྟོག་ཞིབ་ཅིག་བགྱིས་ཚེ་སློབ་མ་ལ་མི་རིགས་ཀྱི་སློབ་གསོ་འཐོབ་རྒྱུ་ནི་འཕགས་པའི་གོ་འཕང་འཐོབ་རྒྱུ་དང་གཅིག་འདྲ་རེད།  གང་ཡིན་ཞེ་ན་རང་རེའི་སློབ་གྲྭ་ཁག་ལ་མི་རིགས་ཀྱི་སློབ་གསོ་སྤྲོད་རྒྱུའི་གོམས་སྲོལ་མེད་ལ་བོད་ཡིག་ལ་དུང་ཞེན་སླེབ་མཁན་ཡང་ཆེས་ཉུང་ཉུང་རེད།   གནས་སྟངས་དེའི་དབང་གིས་རང་རེའི་སློབ་ཕྲུག་ཚོ་མི་རིགས་ཀྱི་ལྟ་བ་དང་ཚོར་བ་རྣོན་པོ་ཞིག་ཡོང་ཐུབ་ཀྱི་མེད།  ཞན་ཆ་འདི་ནི་གཞུང་དང་དགེ་རྒན། ཕ་མ་ཚང་མའི་ཞན་ཆ་ཞིག་ཡིན་པ་ལས་སློབ་མ་ཁོ་ནའི་ཞན་ཆ་ཞིག་གཏན་ནས་ཆགས་མེད།  རྒྱུ་མཚན་དེའི་ཕྱིར་རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་གཙོ་འགན་བཞེས་ནས་བཙན་བྱོལ་སློབ་གྲྭ་ཁག་ལ་མི་རིགས་ཀྱི་ལྟ་བ་ཡོང་བར་མི་རིགས་ཀྱི་སློབ་གསོ་སྤྲོད་རྒྱུའི་ལས་འགུལ་གསར་པ་ཞིག་སྤེལ་དགོས།  རང་གཞུང་གིས་ལས་འགུལ་སྤེལ་བ་གཅིག་པུ་མིན་པར་དུས་རྒྱུན་དུ་ཕ་མ་ཚོས་འགན་ཁུར་བླངས་ནས་སོ་སོའི་བུ་ཕྲུག་དེ་མིང་དོན་མཚུངས་པའི་མ་འོངས་བོད་ཀྱི་སོན་རྩ་ཞིག་ཏུ་ཡོང་བར་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ལ་བུ་ཕྲུག་གིས་དུང་པ་ཟབ་མོ་ཡོང་བའི་སློབ་གསོ་རྣལ་མ་ཞིག་རྒྱུན་སྐྱོང་དགོས་པ་ནི་ཕ་མའི་རླབས་ཆེན་གྱི་འོས་འགན་ཞིག་ཏུ་སེམས།  མ་ཟད་བུ་ཕྲུག་སློབ་གྲྭར་འབྱོར་དུས་དགེ་རྒན་ཚོས་སློབ་ཚན་ཁྲིད་པའི་ཞོར་དུས་རྟག་ཏུ་སློབ་མ་ལ་མི་རིགས་ཀྱི་སློབ་གསོ་དང་རང་མི་རིགས་ཀྱི་ཐུན་མོང་མིན་པའི་སྐད་ཡིག་ལ་འབྲལ་མི་འདོད་པའི་དུང་པ་ཟབ་མོ་ཞིག་ཡོང་ཐབས་སུ་འབད་པ་ལྷོད་མེད་གནང་དགོས་པ་ནི་རླབས་ཆེན་དགེ་རྒན་ཞིག་གི་འོས་འགན་ཡིན་ལ་དུས་ནམ་ཡང་གཡོལ་དུ་མི་རུང་བའི་འགན་འཁྲི་ཡང་ཆགས་ཡོད།  སློབ་མ་ལ་མི་རིགས་ཀྱི་སློབ་གསོ་ལེགས་པར་འཐོབ་ཐུབ་ན་སློབ་མ་དེ་མི་རིགས་གཞན་གྱི་སློབ་མ་དང་མི་འདྲ་བར་སྐབས་དོན་སློབ་སྦྱོང་ལ་འབད་པ་ཚད་མེད་བསླེབ་ཐུབ་པར་མ་ཟད་རང་ཉིད་ཀྱི་ཕུགས་བསམ་དང་རེ་བ་ཡོད་དོ་སོ་སོའི་རྒྱལ་ཁབ་ལ་ཁ་ཕྱོགས་ཡོད་སྟབས་མ་འོངས་བོད་སོན་རྩ་ངོ་མ་ཞིག་ཏུ་འགྱུར་ཐུབ་པར་ཐེ་ཚོམ་བྲལ་བ་ཞིག་རེད།  འདི་ལྟ་བུ་ཞིག་ཡོང་དགོས་ན་རང་གཞུང་ཤེས་རིག་ལས་ཁུངས་གཙོས་དགེ་རྒན་ཕ་མ་བཅས་ཀྱིས་རང་རེའི་བོད་ཕྲུག་ཚོ་ལ་མི་རིགས་ཀྱི་སློབ་གསོ་སྤྲོད་རྒྱུའི་བྱ་བཞག་གསར་པ་ཞིག་བརྩམ་ལ་རན་ནོ།།  གཉིས་པ།  བཀའ་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་ངེས་པ་དོན་གྱི་མཁས་དབང་ཞིག་ཡིན་པ་མཁས་བརྒྱ་མགྲིན་གླེང་དང་རྩོད་མེད་རྣམ་དག་ཡིན་སྟབས་ཁོང་གི་ལེགས་བཤད་བཟང་པོ་འཐོབ་རྒྱུ་ནི་ང་ཚོ་བོད་ཕྲུག་ཚོ་ཁུག་རྟས་གནམ་གྱི་ཆར་ཆུ་སྒུག་པ་ལྟར་ཡིན་པས་མི་རིགས་ཀྱི་རིག་གནས་ལ་ཤ་ཞེན་དང་དུང་བ་ཟབ་མོ་ཡོད་མཁན་གྱི་རང་རེའི་སྤུན་ཟླ་སུ་ཞིག་ཡིན་རུང་འཕྲལ་དུ་ལས་དོན་འདི་འདྲ་ཞིག་བརྩམ་རོགས་ཞུ་རྒྱུ་ཡིན།  རྡ་སྟེང་བོད་ཁྱིམ་སློབ་ཁང་དུ་༸གོང་ས་མཆོག་གིས་བོད་ཕྲུག་ཚོ་ལ་ནང་ཆོས་ངོ་སྤྲོད་གནང་བའི་ལས་དོན་བཞིན་དུ་མཁས་དབང་ཟམ་གདོང་རིན་པོ་ཆེ་ལ་བོད་ཀྱི་རིག་གནས་ཐོག་བརྗོད་གཞི་ངེས་ཅན་ཞིག་ཕུལ་ནས་ལོ་རེ་བཞིན་བོད་ཀྱི་མཐོ་སློབ་ཆེ་ཁག་དང་རྒྱ་གར་གྱི་མཐོ་སློབ་ཁག་ལ་འགྲིམ་བཞིན་པའི་བོད་ཕྲུག་ཚོ་ཆེད་དུ་ཡུལ་གང་ཞིག་ལ་བསྡུ་སྐོང་བྱས་ནས་རིན་པོ་ཆེའི་ལེགས་བཤད་ཀྱི་སྦྲང་རྩི་ལ་སྐལ་བཟང་གི་དགའ་སྟོན་རོལ་ཐུབ་པའི་ཆེད་ལས་འགུལ་འདི་འདྲ་ཞིག་མྱུར་དུ་བརྩམ་ལ་རན།  གསུམ་པ།  ད་ལྟའི་བཙན་བྱོལ་ནང་ཡོད་པའི་གསར་ཁང་རྣམས་ཀྱིས་དཔུང་པ་གཅིག་ཏུ་བསྒྲིལ་ནས་ཚགས་ཤོག་སྤུས་ཚད་ལྡན་པ་ཞིག་དང་དུས་འགྱངས་མེད་པ་ཞིག་ཡོང་བར་ཤུགས་ནུས་བསྐྱེད་དགོས་ཀྱི་འདུག  དེ་ལྟར་ཡོང་བར་ཐོག་མར་རྒྱ་གར་གྱི་ཚགས་ཤོག་མིག་དཔེར་བསྟེན་ནས་ཚགས་ཤོག་ཚོན་ལྡན་ཅན་དུ་བསྒྱུར་ཏེ་བོད་ཕྱི་ནང་གི་གསར་འགྱུར།  རྒྱལ་སྤྱིའི་གསར་འགྱུར། རྒྱལ་སྤྱིའི་རྩེད་འགྲན་གྱི་སྐོར།  ཚན་རིག་གི་ཤེས་བྱའི་སྐོར།  རྩོམ་ཡིག་འགོད་ས་བཅས།  ས་བཅད་དེ་ལྟར་བགོས་ནས་ཡིད་དབང་འཕྲོག་པའི་བོད་ཡིག་གི་ཚགས་ཤོག་ཅིག་བཙན་བྱོལ་ནང་དུ་བོད་པའི་གཞིས་ཆགས་ཁག་དང་སློབ་གྲྭ་ཁག་ཆ་ཚང་ལ་ཁྱབ་ཐུབ་པ་ཞིག་བཟོ་ཐུབ་ན་བཙན་བྱོལ་ནང་དུ་བོད་ཡིག་གི་ཁོར་ཡུག་ཁྱད་དུ་འཕགས་པ་ཞིག་ཡོང་བར་ནུས་པ་ཆེན་པོ་མཐོང་གི་འདུག  ད་ལྟའི་བར་དུ་བོད་ཡིག་གི་ཚགས་ཤོག་ཇི་སྙེད་ཅིག་བྱུང་པ་དེ་དག་སྤུས་ཚད་ཞན་པ་དང་གནས་ཚུལ་རྙིང་པར་གྱུར་པ།  ཀློག་མཁན་གྱི་ཁོར་ཡུག་ཉུང་བ་བཅས་ཀྱིས་རེ་ཞིག་ཚགས་ཤོག་མང་པོ་ཞིག་ཤི་སོང་།   འདི་ནི་ཚགས་ཤོག་འདོན་མཁན་དང་ཀློག་མཁན་གཉིས་ཀའི་ཞན་ཆ་ཡིན་སྟབས་བཙན་བྱོལ་ནང་དུ་བོད་ཀྱི་ཚགས་ཤོག་སྤུས་ཚད་ལྡན་པ་ཞིག་ཡོང་བར་ནུས་ཤུགས་འདོན་དགོས་པ་ལས་ཚགས་ཤོག་གྲངས་ཀ་མང་བར་ཤུགས་ནུས་བསྐྱོན་པ་ནི་ཕན་པ་མེད་པའི་གནས་ཤིག་ཏུ་འཁུམས་སོ།།  གོང་བཀོད་བདག་གི་བསམ་པའི་འཆར་སྒོ་གསུམ་ལ་ཁྱེད་རྣམས་ཀྱིས་བསམ་གཞིག་ཡངས་པོས་ཞིབ་འཇུག་དང་འདི་དང་འདི་འདྲ་བ་རང་རེའི་བོད་ཀྱི་རིག་གནས་ལ་འཐུས་སྒོ་ཇེ་ཚང་ཡོང་ཕྱིར་བསམ་བློ་གསར་པ་དང་ལས་འགུལ་གསར་པ་ཅི་ཞིག་བརྩམ་དགོས་པ་སོགས་རིམ་པས་ཟིན་བྲིས་དང་ཚགས་ཤོག་བརྒྱུད་ནས་བགྲོ་གླེང་གི་ཁོར་ཡུག་གསར་པ་ཞིག་མཐོང་རྒྱུ་ཡོང་བའི་རེ་བ་སེམས་ཀྱི་གཏིང་ནས་ཉར་ཡོད།

1 comment:

  1. ཁྱེད་ཀྱིས་དྲ་ཚིགས་ཡག་པོ་ཞིག་བཟོས་འདུག དམིགས་དཔེར་ལྟ་སར་ཡག་པོ་འདུག ཐུགས་རྗེ་ཆེ་ཞུ།

    ReplyDelete