Tuesday, 9 May 2023

དྲན་གདུང་།

དྲན་གདུང་། (10-12-2020)
དེ་རིང་ང་ལ་འདི་ལས་འཚམ་པའི་བརྗོད་བྱ་ཞིག་མ་རྙེད། ངས་དྲན་གདུང་ཞེས་པའི་བརྗོད་བྱ་འདི་བཀོད་པ་དང་། རང་ཡུལ་བྲལ་ནས་མི་ཡུལ་དུ་འབྱོར་བའི་ང་དང་ང་འདྲ་བ་དག་གི་སེམས་ངོགས་སུ་གསལ་ལྷང་ལྷང་ཡིན་ཤས་སྙམ། གང་ཡིན་ཟེར་ན་ང་ཚོ་སྟེ། མི་ལོ་དྲུག་ཅུ་ལྷག་རིང་སྐྱིད་པའི་ཕ་ཡུལ་དང་བརྩེ་བའི་ཕ་མ། དུངས་པའི་སྤུན་མཆེད། མཛའ་བརྩེ་ཟབ་པའི་གྲོགས་པོ་དེ་དག་རྒྱབ་ཏུ་བསྐྱུར་ནས་ལེ་དབར་ཁྲི་ཁྲག་གིས་ཆོད་པའི་མི་ཡུལ་ཞིག་ལ་འཚོ་བ་གསར་པ། གོམས་གཤིས་གསར་པ། རིག་གཞུང་གསར་པ། ཡོད་ཚད་གསར་པ་ཡིན་པའི་ཁོར་ཡུག་ཅིག་ཏུ་ད་གཟོད་ང་ཚོ་བདེ་སྐྱིད་ཟེར་བ་ཞིག་འཚོལ་ཁུལ་བྱས། འོན་ཀྱང་ “མི་ཡུལ་ག་ཚོད་སྐྱིད་ཀྱང་། རང་ཡུལ་ཟམ་པའི་འོག་ཏུ་སྐྱིད་” ཅེས་པའི་དཔེ་བཞིན་འཚོ་གནས་ཀྱི་དཀའ་ཁག་མེད་ན་ཡང་དྲན་གདུང་གིས་ཁྱེད་ལ་བདེ་བའི་དུས་ཤིག་ག་ལ་སྟེར།
ང་ཚོ་དུས་ཀྱི་ཆ་ཤས་རེ་རེའི་ཁུག་སོ་ན་ཕ་ཡུལ་དྲན་པའི་གདུང་བ་རེ་རེ་མནན་ཡོང་། ད་དུང་ཆུང་དུས་ཀྱི་འཚོ་བ་དེ་དག་མིག་སྔར་རེ་རེ་བཞིན་ཤར་འོང་དུས་ང་ཚོ་ནི་དབུགས་རིང་འཐེན་ནས་སྡོད་རྒྱུ་ལས་གཞན་ཅི་ཡོད་ཨང་།
ད་རུང་ང་ཚོ་མི་ཡུལ་ཞིག་ཏུ་མཉམ་དུ་འཛོམས་ནས་སྤུན་མཆེད་ལྟ་བུའི་མཛའ་བརྩེས་འཚོ་ན་ཡང་། འཚོ་བའི་ཁ་ཕྱོགས་ཤིག་གི་རྐྱེན་པས་ང་ཚོ་སླར་ཡང་མི་ཡུལ་གཅིག་ནས་གཅིག་ལ་འཐོར་སོང་། མི་ཡུལ་གཅིག་ནས་གཅིག་ལ་འགྲིམས་པའི་འཚོ་གནས་མི་འདྲ་བ་བརྒྱུད་རིམ་དེ་དག་གི་ཁྲོད་ནས་ང་ཚོ་སླར་ཡང་སེམས་ངོགས་སུ་ནམ་ཡང་བརྗེད་ཐབས་མེད་པའི་འཚོ་བའི་སྣང་བརྙན་མང་དག་ཅིག་བསྐྲུན་ཡོད་པ་རེད། འདི་ནི་དྲན་གདུང་སྟེང་དུ་དྲན་གདུང་ཞིག་གིས་བཟིར་བ་ཅི་ལ་མིན།
འདས་ཟིན་པའི་སྣང་བརྙན་དེ་དག་མིག་ལམ་དུ་རེ་རེ་བཞིན་འཆར་ཡོང་དུས་མཚམས་རེར་ཁོང་དགོད་ཤོར་ཞིང་ལན་རེར་སྐྱོ་བའི་མིག་ཆུ་འདྲེན་འོང་། གདུགས་དཀར་སྐྱབས་ཀྱི་(ང་སུ་རེད་) ཅེས་པའི་གླུ་གཞས་ནང་དུ་ “འཕག་རྩ་ཐེངས་རེ། འདས་ཟིན་ལ་སྐྱོ་གར་འཁྲབ་མྱོང་། གྲང་ཤུར་ཤུར་གྱི་ངོ་གདོང་དེ་སྐྱ་བོ་ཡིན།” གླུ་འདི་ཉན་ན་དྲན་གདུང་གི་སྣང་བརྙན་དེ་དག་དབྱངས་སུ་གྱེར་པ་དང་ཅིས་མ་མཚུངས།
ཡང་ང་ཚོ་ཟླ་སྒྲོན་གྱི་གླུ་ “བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། བསམ་པ་ངན་ན་ས་དང་ལམ་ཡང་ངན། བསམ་ངན་ཅན་གྱིས་མ་ཎི་བགྲང་བ་ལས། སེམས་བཟང་ཅན་གྱིས་གླུ་ཆུང་ལེན་པར་དགའ་”ཉན་ན་སྐྱིད་པའི་ཕ་ཡུལ་དུ་ཆུང་དུས་ཀྱི་འཚོ་བ་དེ་དག་ངང་ངར་ཤུགས་ཤུགས་ཀྱིས་དྲན་འོང་ཞིང་།
ཚེ་རིང་འགྱུར་མེད་ཀྱི་གླུ་ “བརྩེ་བའི་ཨ་མ། འོ་འོ་འོ་ང་ཡི་ཨ་མ། ” ཉན་ན་ལོ་རབས་དགུ་བཅུ་པའི་ནང་དུ་ང་ཚོ་མི་ཡུལ་གྱི་འཚོ་བ་རེ་རེ་བཞིན་དྲན་པའི་སྟེང་དུ་འཚང་འོང་། གླུ་གཞས་འདི་གཉིས་ཀྱིས་དུས་ཀྱི་འགྱུར་བ་ཆེན་པོ་གཉིས་མཚོན་པར་མ་ཟད། ང་ཚོའི་འདས་ཟིན་པའི་འཚོ་བ་དེ་དག་དྲན་པའི་ངོགས་སུ་ཁྲ་ལྷང་ངེར་འཆར་ཐུབ་པའི་དངོས་བྱུང་གློག་བརྙན་ཞིག་དང་ཅིས་མ་མཚུངས།
དེར་བརྟེན་དེ་རིང་ངས་འདིར་གླུ་གཞས་གཉིས་ཀྱང་འབུལ་ལམ་ཞུ་རྒྱུ་ཡིན། མདོར་ན་ང་ཚོ་བཙན་བྱོལ་བ་ཞིག་ལ་མཚོན་ན་དྲན་གདུང་ནི་ནམ་ཡང་ཁ་བྲལ་ཐབས་མེད་པའི་ཁ་ཟས་སྐྱུར་མོ་ཞིག་དང་མཚུངས་སོ།། །།
ཚ་བ་ཡེ་བསམ་གྱིས།





—--------ངོ་བཤུས་མི་སྣ། 

+1 718-440-6184 
ཤེར་སྒྲོལ
075-516-3837
ཡེ་ཤེས
+33 7 49 26 47 47
བསོད་དར
076-634-3389
སྦྱིན

No comments:

Post a Comment