ཕྲན་གྱིས་ཐོས་པ་ནོར་མེད་ན་བདེན་པ་བཞིའི་རྣམ་གཞག བསྟན་པ་ལ་འཇུག་པའི་སྒོ་སྐྱབས་འགྲོ སྟོབས་པའི་བསྟན་པ་བསླབ་པ་གསུམ། སྡེ་སྣོད་གསུམ་གྱི་རྣམ་གཞག་བཅས་བཞི་པོ་གང་ཡང་རུང་བ་ཞིག་ལ་ངེས་ཤེས་རྙེད་ཚེ་ནང་པ་སངས་རྒྱས་པའི་ཆོས་ལ་ཕྲན་བུ་གོ་བ་ཆགས་ཐུབ་ཅེས་པའི་གནས་ལུགས་ཤིག་གོ་མྱོང་ཡོད། མ་ཟད་བཀའ་གདམས་པའི་བླ་མས་གསུངས་པ་ལྟར།
བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཆིང་བ། ང་ཡི་བླ་མའི་ཁྱད་ཆོས་ཡིན། ཞེས་གོང་འཁོད་བཞི་པོ་རྣམས་དཔེར་ན་རས་གྲུ་བཞི་ལྟ་བུའི་ཟུར་གང་ཞིག་འཐེན་ཚེ་ཕྱོགས་གཞན་རྣམས་ཤུགས་ཀྱིས་བསླེབ་ཡོང་བར་བརྟེན་བདེན་བཞིའི་སྐོར་བལྟས་ན་བསྟན་པ་ཡོངས་རྫོགས་ཀྱི་རྣམ་གཞག་སྐོར་བསླེབ་ཡོང་བ་དང་། སྡེ་སྣོད་གསུམ་གྱི་རྣམ་གཞག་སྐོར་བལྟས་ན་བསྟན་པ་ཡོངས་རྫོགས་ཀྱི་རྣམ་གཞག་སྐོར་བསླེབ་ཡོང་བ་དང་། སྐྱབས་འགྲོའི་སྐོར་བལྟས་ན་བསྟན་པ་ཡོངས་རྫོགས་ཀྱི་རྣམ་གཞག་སྐོར་བསླེབ་ཡོང་བ་དང་། བསླབ་པ་གསུམ་གྱི་སྐོར་བལྟས་ན་བསྟན་པ་སྤྱིའི་རྣམ་གཞག་སྐོར་བསླེབ་ཡོང་བས་དེ་དག་ལས་གང་ཞིག་ལ་ངེས་ཤེས་ལེགས་པ་ཞིག་འཐོབ་ཐུབ་ཚེ་རང་ལ་བསྟན་པ་སྤྱིའི་འགྲོ་སྟངས་དང་གོ་བ་གང་འཚམས་ཞིག་ཆགས་ཐུབ་པའི་གནད་ལ་འཁེལ་བའི་ལེགས་བཤད་བཟང་པོ་ཞིག་བདག་གིས་རྣ་བའི་བུ་གར་ཐོས་མྱོང་ཡོད་སྟབས་རང་ཉིད་ཀྱིས་བདེན་བཞིའི་རྣམ་གཞག་སྐོར་ཕྲན་བུ་དཔྱད་གཞི་བྱ་རྒྱུའི་འདུན་པ་དྲག་པོ་ཞིག་གིས་ཀུན་ནས་བླངས་ཏེ་ཉིན་གྲངས་དུ་མ་སྤྱད་ནས་བདེན་བཞིའི་རྣམ་གཞག་སྐོར་གོ་རྟོགས་མི་དམན་ཙམ་ཞིག་བྱུང་བ་རྣམས་གོ་བདེར་ཚིག་གི་ལམ་ནས་བརྗོད་པར་བྱ།
བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཆིང་བ། ང་ཡི་བླ་མའི་ཁྱད་ཆོས་ཡིན། ཞེས་གོང་འཁོད་བཞི་པོ་རྣམས་དཔེར་ན་རས་གྲུ་བཞི་ལྟ་བུའི་ཟུར་གང་ཞིག་འཐེན་ཚེ་ཕྱོགས་གཞན་རྣམས་ཤུགས་ཀྱིས་བསླེབ་ཡོང་བར་བརྟེན་བདེན་བཞིའི་སྐོར་བལྟས་ན་བསྟན་པ་ཡོངས་རྫོགས་ཀྱི་རྣམ་གཞག་སྐོར་བསླེབ་ཡོང་བ་དང་། སྡེ་སྣོད་གསུམ་གྱི་རྣམ་གཞག་སྐོར་བལྟས་ན་བསྟན་པ་ཡོངས་རྫོགས་ཀྱི་རྣམ་གཞག་སྐོར་བསླེབ་ཡོང་བ་དང་། སྐྱབས་འགྲོའི་སྐོར་བལྟས་ན་བསྟན་པ་ཡོངས་རྫོགས་ཀྱི་རྣམ་གཞག་སྐོར་བསླེབ་ཡོང་བ་དང་། བསླབ་པ་གསུམ་གྱི་སྐོར་བལྟས་ན་བསྟན་པ་སྤྱིའི་རྣམ་གཞག་སྐོར་བསླེབ་ཡོང་བས་དེ་དག་ལས་གང་ཞིག་ལ་ངེས་ཤེས་ལེགས་པ་ཞིག་འཐོབ་ཐུབ་ཚེ་རང་ལ་བསྟན་པ་སྤྱིའི་འགྲོ་སྟངས་དང་གོ་བ་གང་འཚམས་ཞིག་ཆགས་ཐུབ་པའི་གནད་ལ་འཁེལ་བའི་ལེགས་བཤད་བཟང་པོ་ཞིག་བདག་གིས་རྣ་བའི་བུ་གར་ཐོས་མྱོང་ཡོད་སྟབས་རང་ཉིད་ཀྱིས་བདེན་བཞིའི་རྣམ་གཞག་སྐོར་ཕྲན་བུ་དཔྱད་གཞི་བྱ་རྒྱུའི་འདུན་པ་དྲག་པོ་ཞིག་གིས་ཀུན་ནས་བླངས་ཏེ་ཉིན་གྲངས་དུ་མ་སྤྱད་ནས་བདེན་བཞིའི་རྣམ་གཞག་སྐོར་གོ་རྟོགས་མི་དམན་ཙམ་ཞིག་བྱུང་བ་རྣམས་གོ་བདེར་ཚིག་གི་ལམ་ནས་བརྗོད་པར་བྱ།
བདེན་པ་བཞིའི་བྱུང་རིམ་དང་བདེན་པ་ཞེས་པའི་ཐ་སྙད་ལ་བལྟ་བ།
སྟོན་པ་ཐུབ་པའི་དབང་པོས་ཡུལ་ཝ་ར་ཎ་སིར་དམ་པའི་ཆོས་འཁོར་ལོ་ཐོག་མར་བསྐོར་བའི་ཚེ་གདུལ་བྱ་ལ་ཆོས་སྟོན་གྱི་རིམ་པའི་དབང་དུ་བྱས་ན་བདེན་པ་བཞིའི་རྣམ་གཞག་ལས་བརྩམས་པའོ། སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པ་ཚུར་བསྡུས་ན་བདེན་པ་བཞིའི་ཁོངས་སུ་འདུ་བར་གསུངས། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྒྱུ་འབྲས་གཉིས་དང་རྣམ་བྱང་ཕྱོགས་ཀྱི་རྒྱུ་འབྲས་གཉིས་དེ་ཡིན། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་རྒྱུ་འབྲས་གཉིས་པོ་ནི་རྒྱུ་ཀུན་འབྱུང་བདེན་པ་དང་འབྲས་བུ་སྡུག་བསྔལ་བདེན་པ་གཉིས་ཡིན། རྣམ་བྱང་ཕྱོགས་ཀྱི་རྒྱུ་འབྲས་གཉིས་ནི་རྒྱུ་ལམ་གྱི་བདེན་པ་དང་འབྲས་བུ་འགོག་པའི་བདེན་པ་གཉིས་ཡིན། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་ཐེངས་དང་པོར་གདུལ་བྱ་རྣམས་ལ་བདེན་པ་བཞི་བསྐོར་བ་དེ་ནི་སོ་སོ་སྐྱེ་བོ་ཐ་མ་བ་རྣམས་འཇིག་རྟེན་འཁོར་བའི་གནས་སུ་སྐྱེས་ཕྱིན་ཆད་སྡུག་བསྔལ་ལ་ཉེ་བར་འགྲོགས་པ་ཡིན། ཉིན་ཞག་འཕྲུལ་གཅིག་ནང་དགེ་བ་དང་མི་དགེ་བའི་ཕྱོགས་སུ་བསྡུར་ན་མི་དགེ་བའི་ཕྱོགས་སུ་བློ་ཁ་ཤིན་ཏུ་འཕྱོ་ཞིང་ལས་ངན་པ་རྐྱང་རྐྱང་བསགས་པར་འགྱུར། རྒྱུ་མཚན་ནི་ང་ཚོའི་རྒྱུད་ལ་མ་རིག་པ་ཉོན་མོངས་ལས་ཐར་མ་ཐུབ་པས་སོ། འོན་ཀྱང་ང་ཚོའི་རྒྱུད་ལ་སྡུག་བསྔལ་ཟད་རུང་ཡིན་པའི༷་ཆ་ནས་རང་གི་རྒྱུད་ལ་སྡུག་བསྔལ་སེལ་ཐབས་ཀྱི་ཐབས་མ་ནོར་བ་ཞིག་ཤེས་པར་བྱས་ནས། དེ་ལག་ཏུ་བླངས་ན་རང་རྒྱུད་ཀྱི་སྡུག་བསྔལ་གྱི་རྒྱུ་ཟད་རྒྱུ་ཡོད་པ་དང་། སྡུག་བསྔལ་གྱི་རྒྱུ་དེ་ཟད་ནས་འབྲས་བུ་སྡུག་བསྔལ་ལས་ཐར་རྒྱུ་ཡོད་པ་ཞིག་ཡིན་སྟབས། སྟོན་པ་མཉམ་མེད་ཤཱཀྱ་སེང་གེ་ཉིད་ཀྱང་ལམ་འདི་ལ་བརྟེན་ནས་རང་རྒྱུད་ཀྱི་སྡུག་བསྔལ་གྱི་རྒྱུ་ས་བོན་བག་ཆགས་དང་བཅས་པ་བཅོམ་ནས་གཏན་གྱི་བདེ་བ་ཐོབ་ཡོད། བདག་ཉིད་བདག་གི་དགྲ་ཡང་ཡིན། བདག་ཉིད་བདག་གི་མགོན་ཡང་ཡིན། ང་ནི་ཁྱེད་ལ་ཐར་པ་བསྟན་ཡོད། ཐར་པ་རང་ལ་རག་ལས་ཤེས་པར་གྱིས་ཞེས་གསུངས་པ་ལྟར་མདོ་དོན་བཅོམ་ལྡན་འདས་ཀྱིས་ཐར་པར་བགྲོད་པའི་ལམ་མ་ནོར་བ་ཞིག་བསྟན་ཡོད་ཀྱང་ཐར་པ་འཐོབ་མིན་ནི་སོ་སོས་མཉམ་ལེན་ལ་རག་སླེབས་ཡོད། འོ་ན་བཅོམ་ལྡན་འདས་ཀྱིས་བདེན་པ་བཞི་ལ་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པ། འདི་ནི་ཀུན་འབྱུང་འཕགས་པའི་བདེན་པ་ཞེས་གསུངས་དགོས་དོན་ཅི་ཡིན་ཞེ་ན་འདིའི་ཐད་མཁས་དབང་ཟམ་གདོང་རིན་པོ་ཆེས་
“བསྟན་པ་ཐུབ་པའི་དབང་པོས་བདེན་པ་བཞི་ལ་འཕགས་པའི་བདེན་པ་ཞེས་གསུངས་དགོས་པའི་དོན་ནི་འཕགས་པ་རྣམས་ཀྱི་གཟིགས་ངོ་ལ་བདེན་པ་གཟིགས་པ་རེད་མ་གཏོགས་ང་རང་ཚོའི་རྒྱུད་ལ་བདེན་པ་མཐོང་གི་མེད། ང་རང་ཚོས་སྡུག་ངན་ལ་སྡུག་ངན་ཡིན་པ་མཐོང་ཐུབ་ཀྱི་མེད་པ་རེད། འཕགས་པ་རྣམས་ལ་འཁོར་བའི་ཆོས་རྣམས་སྡུག་ངན་གྱི་བདེན་པ་ཡིན་པ་མཐོང་གི་ཡོད། སོ་སོ་སྐྱེ་བོ་རྣམས་ལ་འཁོར་བའི་ཆོས་རྣམས་སྡུག་ངན་གྱི་བདེན་པ་ཡིན་པ་མཐོང་ཐུབ་ཀྱི་མེད། སྐབས་འདིར་བདེན་པ་ཞེས་པ་ནི་མི་བསླུ་བའི་བདེན་པ་ཞེས་པ་དེ་མ་ཡིན་ལ་བདེན་གཉིས་སྐབས་ཀྱི་བདེན་པ་དེ་ལ་ཡང་ཟེར་བ་མིན། འདིའི་སྐབས་ཀྱི་བདེན་པ་ནི་གང་མཐོང་བ་ལྟར་དོན་ལ་གནས་པ་ཞིག་ལ་གོ་ན་ཆོག ལས་དང་ཉོན་མོངས་པ་ལས་སྡུག་ངན་འབྱུང་གི་ཡོད་པ་དེ་འཕགས་པ་རྣམས་ཀྱིས་གཟིགས་པ་ལས་ང་རང་ཚོས་ལས་ཉོན་ལས་སྡུག་ངན་ཡོང་གི་ཡོད་པ་མཐོང་གི་མེད། དེ་ཡང་འཕགས་པའི་བདེན་པ་རེད། ལམ་གྱི་བདེན་པ་ནི་འཕགས་ལམ་རྒྱུད་ལ་མ་གཏོགས་བདེན་པ་མངོན་སུམ་དུ་མཐོང་གི་མེད། དེར་བརྟེན་ཀུན་ནས་ཉོན་མོངས་ཕྱོགས་ཀྱི་བདེན་པ་གཉིས་པོ་ནི་འཕགས་ལམ་རྒྱུད་ལ་མ་གཏོགས་གཟིགས་ཀྱི་མེད་སྟབས་འཕགས་པའི་བདེན་པ་ཞེས་གསུངས་པའོ། རྒྱུ་མཚན་དེ་ལ་བརྟེན་ནས་དེ་བཞིན་གཤེགས་པས་སྡུག་ངན་བདེན་པ་དེ་ལ་སྡུག་ངན་ཤེས་པར་བྱ་ཞེས་ཁྱད་ཆོས་སྦྱར་ཡོད། ཀུན་འབྱུང་བདེན་པ་དེ་ལ་ཀུན་འབྱུང་སྤང་བར་བྱ་ཞེས་གསུངས། འགོག་པའི་བདེན་པ་དེ་ལ་འགོག་པ་མངོན་དུ་བྱ་ཞེས་དང་། ལམ་གྱི་བདེན་པ་དེ་ལ་ལམ་སྒོམ་པར་བྱ་ཞེས་ཁྱད་ཆོས་སྦྱར་ནས་གསུངས་ཡོད།” ཅེས་རིན་པོ་ཆེས་གོ་བདེར་གསུངས་འདུག མ་ཟད་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་ “བཞི་པ་ངེས་ཚིག་ནི། རང་རང་ངོ་བོར་མི་བསླུ་བདེན་པར་བརྗོད། ཐུན་མོང་དུ་རང་རང་གི་ངོ་བོ་རྣམ་པ་བཞི་བཞིར་བདེན་ཞིང་མི་བསླུ་བར་གནས་པས་དེ་རྣམས་ཀྱི་རང་བཞིན་ཇི་ལྟ་བར་མཐོང་ན་ཕྱིན་ཅི་མ་ལོག་པའི་བློ་སྐྱེ་བས་ན་འཕགས་པའི་བདེན་པ་ཞེས་བྱ་ལ།” ཞེས་གསུངས་འདུག་པས་ཡང་སྙིང་འཕགས་པའི་བདེན་པ་ཞེས་གསུངས་དོན་ནི་བདེན་པ་བཞི་པོ་རྣམས་རང་རང་སོ་སོར་བདེན་པ་ཡིན་ཞིང་མི་བསླུ་བར་གནས་པས་གལ་ཏེ་རང་རྒྱུད་ལ་ཉམས་སུ་ལེགས་པར་བླངས་ཚེ་ནམ་ཞིག་བདེན་པ་བཞིའི་རང་བཞིན་ཇི་ལྟ་བར་མཐོང་ན་ཡང་དག་པའི་བློ་སྐྱེ་བས་ན་འཕགས་པའི་བདེན་པ་ཞེས་གསུངས་པའི་དོན་ཡིན། འོན་ཀྱང་སོ་སོ་སྐྱེ་བོ་ཐ་མ་བ་ལ་སྡུག་བསྔལ་ལ་སྡུག་བསྔལ་ཡིན་པའམ་སྡུག་བསྔལ་བདེན་པ་མཐོང་མ་ཐུབ་པས་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་ཤེས་པར་བྱ་ཞེས་དང་།
ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ་ཞེས་རེ་རེ་ལ་ཟུར་གྱི་ཐ་སྙད་བཀར་ནས་གསུངས་དོན་ཡང་དེ་ལ་ཐུག་ཡོད་པར་སེམས། མདོར་ན་བདེན་བཞིའི་རྣམ་གཞག་ནི་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བའི་ཚེ་གསུངས་ཡོད་པ་དང་དེ་ལ་བདེན་པ་ཞེས་བརྗོད་དོན་ཡང་གང་ཡོད་པ་ལྟར་དོན་ལ་གནས་པ་ཡིན་པས་དེ་ལྟར་གསུངས་སོ།
།
བདེན་པ་བཞིའི་རྣམ་གཞག་མདོར་བསྟན་པ།
ཐོག་མར་བདེན་པ་བཞི་ཞེས་པ་དེ་ཅི་འདྲ་ཞིག་ལ་ཟེར་གྱི་ཡོད་མེད་ཤེས་དགོས་པ་ནི་གནད་དམ་པ་ཞིག་ཏུ་མཐོང་སོང་བས་བདེན་བཞིའི་རྣམ་གཞག་རྒྱས་པ་མ་བཤད་པའི་སྔ་རོལ་དུ་བདེན་བཞིའི་གོ་དོན་དཔེ་དོན་དང་སྦྱར་ནས་འབྲི་བར་སྤྲོ། དེ་ཡང་བདེན་པ་བཞི་ནི། བཅོམ་ལྡན་འདས་ཀྱིས། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ། ཞེས་གསུངས་ཡོད་པས་འོ་ན་ཅི་འདྲ་ཞིག་ལ་བདེན་པ་བཞི་ཞེས་ཟེར་ན་སྡུག་བསྔལ་བདེན་པ་ནི་འབྲས་བུ་ཡིན་པ་དང་དེའི་རྒྱུ་ནི་ཀུན་འབྱུང་བདེན་པ་ཡིན། འགོག་པའི་བདེན་པ་ནི་འབྲས་བུ་ཡིན་པ་དང་དེའི་རྒྱུ་ནི་ལམ་གྱི་བདེན་པ་ཡིན། དེ་ཡང་ང་ཚོའི་རྒྱུད་ལ་སྡུག་བསྔལ་འབྱུང་བ་རྣམས་སྡུག་བསྔལ་ཡིན་པར་ཤེས་ནས་སྡུག་བསྔལ་མི་འདོད་པས་དེ་ལས་བྲལ་འདོད་ཀྱི་བློ་སྐྱེས་བས་ན་དེའི་རྒྱུ་ཀུན་འབྱུང་སྤང་དགོས་པ་ཡིན། སྡུག་བསྔལ་ལ་སྡུག་བསྔལ་ཡིན་པར་ཤེས་ནས་དེའི་རྒྱུ་ཀུན་འབྱུང་སྤང་པའི་ཞི་བའམ་གཏན་དུ་བདེ་བ་སྟེ། འགོག་པའི་བདེན་པ་མངོན་དུ་འགྱུར་འོང་། འགོག་པའི་བདེན་པ་མངོན་དུ་འགྱུར་བར་ཐབས་ཀྱི་རྒྱུ་ནི་བདེན་པ་བཞི་པ་ལམ་བདེན་བསྒོམ་དགོས་པ་ཡིན། ང་རང་ཚོ་སྲོག་ཆགས་འབུ་སྲིན་ཚུན་ཆད་ནས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཡིན་སྟབས་སྡུག་བསྔལ་གྱི་རྒྱུ་འཚོལ་དགོས་ན་སྡུག་བསྔལ་གྱི་རྒྱུ་ནི་ཀུན་འབྱུང་ལ་ཐུག་པ་ཡིན། ༸གོང་ས་མཆོག་གིས་བོད་གངས་ཅན་གྱི་ཁྱད་ནོར་ལས་
“སྡུག་བསྔལ་ནི་རང་རྒྱུ་ཀུན་འབྱུང་ལ་བརྟེན་ནས་བྱུང་བ་དང་། སྡུག་བསྔལ་ཉེ་བར་ཞི་བའི་བདེ་སྐྱིད་དེ་རང་འཐོབ་བྱེད་ཀྱི་ལམ་བདེན་བསྒོམས་པ་ལས་བྱུང་བ་བཅས་རྒྱུ་འབྲས་ཀྱི་འབྲེལ་བ་འདི་ལྟར་ཡིན་” ཞེས་གསུངས་འདུག ང་ཚོ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན་ཙང་མི་འདོད་པའི་སྡུག་བསྔལ་གྱི་རྒྱུ་ནི་ཀུན་འབྱུང་ལ་ཐུག་ཡོད་པར་བརྟེན་ཀུན་འབྱུང་བདེན་པ་སྤང་དགོས་པ་ཡིན། ཀུན་འབྱུང་བདེན་པ་སྤང་བར་བྱེད་པ་ལ་རྒྱུའམ་ཐབས་ལམ་གྱི་བདེན་པ་ཉམས་སུ་བླངས་ཚེ་ད་གཟོད་འབྲས་བུ་འགོག་པའི་བདེན་པ་ཐོབ་པ་ཡིན།
དེ་ནི་ང་ཚོར་འདོད་པའི་གཏན་གྱི་བདེ་བའམ་འཕགས་པའི་གོ་འཕང་དེ་ཡིན། དེ་ཡང་བདེན་པ་བཞི་དཔེ་དང་སྦྱར་ནས་བཤད་ན་༸གོང་ས་མཆོག་གིས་ནང་པའི་ལྟ་སྤྱོད་ཀུན་བཏུས་ལས་
“སྡུག་བསྔལ་ནི་ནད་ལྟ་བུ་དང་། ཀུན་འབྱུང་ནི་ནད་དེ་འབྱུང་བར་བྱེད་པའི་ཕྱི་ནང་གི་རྒྱུ་རྐྱེན་ལྟ་བུ་ཡིན། སྡུག་བསྔལ་དང་དེའི་རྒྱུ་འགོག་པའི་འགོག་པ་ནི་ནད་དེ་ཞི་བའི་ཆ་ལྟ་བུ་དང་། ལམ་བདེན་ནི་ནད་དེ་བཅོས་པའི་སྨན་ལྟ་བུ་དེ་ཡིན་” ཞེས་གསུངས་ཡོད། ཡང་འདིའི་ཐད་མཁས་པའི་དབང་པོ་ཟམ་གདོང་གིས་བདེན་པ་བཞི་འགྲེལ་སྐབས་
“མགོན་པོ་བྱམས་པས་བདེན་པ་བཞི་དཔེ་སྦྱར་ནས་གསུང་དུས་ནད་ནི་ཤེས་བྱ། ནད་ཀྱི་རྒྱུ་ནི་སྤང་བྱ་ལ། བདེ་གནས་འཐོབ་བྱ། སྨན་ནི་བསྟེན་པར་བྱ་བ་ལྟར། ཞེས་གསུངས་འདུག དཔེར་ན་ན་ཚ་དེ་ངོས་ཟིན་དགོས། ན་ཚ་ལ་ན་ཚ་མཐོང་དགོས་པ་ཡིན། ན་ཚ་ལ་ན་ཚ་མ་མཐོང་ན་ན་ཚ་དེ་ལས་གྲོལ་འདོད་ཀྱི་བློ་མི་སྐྱེས་པའོ། ན་ཚ་ལ་ན་ཚ་ཡིན་པར་ཤེས་ཚེ་ན་ཚ་དེ་ཡོང་བའི་རྒྱུ་ལ་རྟོག་དཔྱོད་བྱས་ཡོང་དུས་ཀུན་འབྱུང་བདེན་པ་མཐོང་བ་རེད། ན་ཚ་ལ་ན་ཚ་ཡིན་པར་ཤེས་ནས་ན་ཚ་དེ་མ་འདོད་ཕྱིན་ཆད་དེའི་རྒྱུ་དེ་སྤང་དགོས་པ་ཡིན། དེའི་རྒྱུ་དེ་སྤང་བ་ལ་སྤོང་བྱེད་ཀྱི་གཉེན་པོ་དེ་བསྟེན་དགོས་པ་རེད། དེའི་གཉེན་པོ་དེ་བསྟེན་པའི་སྐབས་ལ་དེའི་རྒྱུ་དང་བྲལ་བའི་བྲལ་བ་དེ་འཐོབ་ཡོང་གི་རེད་” ཅེས་གསུངས་ཡོད་པ་འདིས་དེ་སྔོན་བདེན་པ་བཞིའི་སྐོར་ལ་བློ་ཁ་ཕྱོགས་མ་མྱོང་བ་ཞིག་གི་ངོས་ནས་བཤད་ན་ཆེས་སྤྲོ་སྣང་ལྡན་པའི་ངེས་ཤེས་ཤིག་ཡིན། དེ་ཡང་སྡུག་བསྔལ་བདེན་པ་ནི་ན་ཚ་ལྟ་བུ་ཞིག་ཡིན་པ་དང་ཀུན་འབྱུང་བདེན་པ་ནི་ན་ཚ་དེ་འབྱུང་གཞིའི་ཁུངས་དེ་ཡིན་པ་དང་། འགོག་པའི་བདེན་པ་ནི་ནད་ལས་གྲོལ་ནས་ཞི་བའམ་བདེ་གནས་དེ་ཡིན་པ་དང་། ལམ་གྱི་བདེན་པ་ནི་ནད་དེ་ལས་གྲོལ་བའི་ཐབས་ཤེས་ཀྱི་ལམ་མམ་སྨན་ལྟ་བུ་དེ་ཡིན་ཏེ་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་བདེན་པ་བཞི་དཔེ་དོན་སྦྱར་ནས་འགྲེལ་སྐབས་
“མཛོད་ལས། བདེན་པ་ཇི་ལྟར་མངོན་རྟོགས་རིམ།
ཞེས་སོ། དེ་ཡང་འཁོར་བ་སྡུག་བསྔལ་གྱི་ཕུང་པོ་ནི་ནད་དང་འདྲ་བར་ཤེར་པར་བྱ་བ་དང་། དེའི་རྒྱུ་ལས་དང་ཉོན་མོངས་པའི་ཀུན་འབྱུང་ནི་ནད་ཀྱི་རྒྱུ་དང་འདྲ་བར་སྤང་བར་བྱ་བ་དང་། སྡུག་བསྔལ་མཐའ་དག་ལས་གྲོལ་བའི་འགོག་པ་ནི་ནད་མེད་པའི་བདེ་བ་དང་འདྲ་བར་ཐོབ་པར་བྱ་བ་དང་། དེའི་ཐབས་སུ་ལམ་ཟག་མེད་སྒོམ་པ་ནི་སྨན་བཟང་པོ་དང་འདྲ་བར་བསྟེན་པར་བྱ་བ་རྟོགས་པའི་ཕྱིར་” ཞེས་གསུངས་ཡོད། གོང་དུ་དཔེ་དོན་དེ་དག་རེ་རེ་བཞིན་རང་གི་བློར་ངེས་ཚེ་ད་གཟོད་བདེན་པ་བཞི་ཞེས་པ་དེ་ཅི་འདྲ་ཞིག་ལ་ཟེར་བ་བློར་ངེས་ཤེས་ཟབ་མོ་ཞིག་སྟེར་ཐུབ་པའོ། འོན་ཀྱང་འབྲས་བུ་སྡུག་བསྔལ་བདེན་པ་སྔོན་དུ་བཤད་ནས་རྒྱུ་ཀུན་འབྱུང་བདེན་པ་རྗེས་སུ་བཤད་པ་དང་འབྲས་བུ་འགོག་པའི་བདེན་པ་སྔོན་དུ་བཤད་ནས་རྒྱུ་ལམ་གྱི་བདེན་པ་རྗེས་སུ་བཤད་པའི་གོ་རིམ་འདི་ནི་ཅི་ཡིན་ནམ་སྙམ་ཚེ་ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པའི་རྣམ་བཤད་ཐར་ལམ་གསལ་བྱེད་ལས་
“གཉིས་པ་《གོ་རིམ་ངེས་པ་》ནི། དོན་གྱི་རིམ་པའི་དབང་དུ་བྱས་ན། ཀུན་འབྱུང་དང་ལམ་གྱི་བདེན་པ་དང་པོར་བསྟན་པར་བྱ་བ་ཡིན་ལ། སྡུག་བསྔལ་དང་འགོག་པ་ཕྱིས་བསྟན་པར་བྱ་བ་ཡིན་ནོ། འདིར་ནི་ཡུལ་ཅན་མངོན་པར་རྟོགས་པའི་རིམ་པ་དང་མཐུན་པར་གོ་རིམ་གཞན་དུ་བསྟན་པར་བྱ་སྟེ། འདི་ལྟར། སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་དང་། འགོག་པ་དང་ལམ་སྟེ་ཐོག་མར་འཁོར་བ་སྤྱི་དང་བྱེ་བྲག་གི་ཉེས་དམིགས་ལེགས་པར་བསམས་པའི་སྒོ་ནས། དེ་ལ་འབྲལ་འདོད་ཀྱི་བློ་བསྐྱེད་པར་བྱེད་དགོས་ཏེ། དེ་སྔོན་དུ་མ་སོང་ན་དེའི་རྒྱུ་ལ་སྤང་འདོད་སྐྱེ་བ་མི་སྲིད་པའི་ཕྱིར་རོ།
། སྡུག་བསྔལ་ལ་འབྲལ་འདོད་སྐྱེས་པ་ན་སྡུག་བསྔལ་འདི་དང་འབྲལ་བར་བྱེད་ནུས་སམ་མི་ནུས། འདི་ལ་རྒྱུ་ཡོད་དམ་མེད། རྒྱུ་དེ་ཡང་རྟག་གམ་མི་རྟག་སྙམ་དུ་ཀུན་འབྱུང་ལ་རྟོག་པར་བྱེད་དེ། སྡུག་བསྔལ་རང་གི་ངོ་བོ་ཚེར་མ་འདོན་པ་བཞིན་དུ་སྤོང་མི་ནུས་པར་མཐོང་བའི་ཕྱིར་རོ།། དེ་ལྟར་བརྟགས་པ་ན་ལས་དང་ཉོན་མོངས་པ་གཉིས་དེའི་རྒྱུར་ཁོང་དུ་ཆུད་ནས་དེ་ལ་སྤོང་འདོད་ཀྱི་བློ་སྐྱེ་བས་ཀུན་འབྱུང་དུས་གཉིས་པར་བསྟན་ཏོ།། ཀུན་འབྱུང་སྤོང་ནུས་སུ་མཐོང་བ་ན་སྡུག་བསྔལ་འགོག་ནུས་སུ་མཐོང་བར་འགྱུར་ལ། དེ་ནས་སྡུག་བསྔལ་འགགས་པའི་འགོག་པ་ཡང་མངོན་དུ་བྱ་ནུས་སུ་མཐོང་བས་འགོག་པ་དུས་གསུམ་པར་བསྟན་ཏོ།། དེ་མངོན་དུ་བྱེད་པ་ཡང་ལམ་བསྟེན་ཅིང་གོམས་པར་བྱས་པ་ལ་རག་ལས་པར་མཐོང་བས། ལམ་གྱི་བདེན་པ་དུས་བཞི་པར་བསྟན་ཏོ་” ཞེས་གསལ་འདུག་པས་ཡང་སྙིང་བདེན་བཞིའི་གོ་རིམ་འདི་ནི་འབྲས་བུ་སྔོན་དང་རྒྱུ་མཇུག་ཏུ་བཀོད་དགོས་པའི་གནད་འགག་དེ་ནི་གསེར་གྱི་ལྗོན་པ་ལྟ་བུ་ཞིག་ལས་བློ་གྲོས་ཀྱི་འབྲས་བུ་འཁྲུངས་པ་ཞིག་རེད་ཨང་། དེ་ལས་ཀྱང་གོ་སླ་བ་ནི་༸གོང་ས་མཆོག་གིས་ནང་པའི་ལྟ་སྤྱོད་ཀུན་བཏུས་ལས་
“འབྲས་བུ་སྡུག་བསྔལ་དང་འགོག་པ་དེ། རྒྱུ་ཀུན་འབྱུང་དང་ལམ་གྱི་སྔོན་ལ་བཤད་དགོས་པའི་རྒྱུ་མཚན་ནི། ཐོག་མར་རང་ཉིད་ཀྱིས་ནད་ལྟ་བུའི་འཕགས་པའི་བདེན་པ་དང་པོ་སྡུག་བདེན་དེ་ངོས་འཛིན་བྱེད་དགོས། དེ་ནས་ནད་དེ་ངོས་བཟུང་བ་ཙམ་གྱིས་མི་ཆོག་པར་སྨན་ཇི་འདྲ་ཞིག་བསྟེན་དགོས་པ་ཤེས་པ་ལ་ནད་ཀྱི་རྒྱུ་དེ་ཤེས་དགོས་པས་བདེན་བཞིའི་རིམ་པ་གཉིས་པར་སྡུག་བསྔལ་གྱི་རྒྱུའམ་ཀུན་འབྱུང་དེ་བསྟན་པ་ཡིན། ནད་ཀྱི་རྒྱུ་ངོས་བཟུང་བ་ཙམ་གྱིས་མི་ཆོག་པར་ནད་དེ་བཅོས་ཐབས་ཡོད་མེད་བལྟ་དགོས་ཤིང་། བཅོས་ཐབས་ཡོད་པར་ཤེས་པ་ལྟ་བུ་ནི་རིམ་པ་གསུམ་པ་སྡུག་ཀུན་འགོག་པའི་འགོག་བདེན་དེ་ཡིན། མི་འདོད་པའི་སྡུག་བསྔལ་དང་། དེའི་རྒྱུ་ངོས་བཟུང་ཟིན་པ་དང་། དེ་ནས་ནད་དེ་བཅོས་ཐབས་ཡོད་པར་ཤེས་རྗེས་དེ་ལས་གྲོལ་བའི་ཐབས་སྨན་བསྟེན་དགོས་པ་བཞིན་དུ་སྡུག་བསྔལ་ལས་གྲོལ་བའི་གྲོལ་བ་ཐོབ་པར་བྱེད་པའི་ལམ་བསྟེན་དགོས་” ཞེས་༸གོང་ས་མཆོག་གིས་བདེན་བཞིའི་གོ་རིམ་དེ་ནི་དཔེ་དང་སྦྱར་གནང་ནས་ང་ཚོའི་མིག་སྔར་མེ་ལོང་བཞིན་དུ་བསྟན་ཡོང་བ་ནི་ཅི་འདྲའི་བསོད་ནམས་ལྡན་པ་ཞིག་རེད། མདོར་ན་དཔེ་དོན་དང་སྦྱར་ནས་བདེན་བཞིའི་རྣམ་གཞག་དང་དཔེ་དོན་སྦྱར་ནས་བདེན་བཞིའི་གོ་རིམ་དང་བཅས་པར་གཙོ་བོར་བློ་ཁ་ཕྱོགས་ནས་ཅུང་གསལ་ཁ་བཏོད་ཡོད་པས་མདོ་དོན་བདེན་པ་བཞི་ཞེས་པ་ནི་ཅི་འདྲ་ཞིག་ཡིན་མིན་ད་གཟོད་ངེས་ཤེས་ཟབ་མོ་ཞིག་ཅིས་ཀྱང་སྦྱིན་ཐུབ་པའོ། ཡིན་ཡང་གལ་པོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་བཞིན་དུ་ཡང་སྙིང་བདེན་པ་བཞི་ལས་དང་པོ་སྡུག་བསྔལ་གྱི་བདེན་པ་བཀོད་ཡོད་པ་དེ་ནི་ང་ཚོ་འཁོར་བ་པ་རྣམས་སྡུག་བསྔལ་གྱིས་ཕོང་པ་ཡིན་པས་ཐོག་མར་སྡུག་བསྔལ་ལ་སྡུག་བསྔལ་ཡིན་པར་ཤེས་ནས་ད་གཟོད་རང་ལ་མི་འདོད་པའི་སྡུག་བསྔལ་དེའི་རྒྱུ་དེ་བཙལ་ནས་དེ་སྤང་དགོས་པ་དང་། དེ་སྤང་བར་བྱེད་པར་སྤང་པའི་ཐབས་ཤེས་ཀྱི་ལམ་ལྟ་བུ་དེ་ལམ་གྱི་བདེན་པར་བསྟེན་པའམ་སྒོམ་དགོས་པ་ཡིན། ད་གཟོད་རང་གི་འདོད་པའི་བདེ་བའམ་གཏན་གྱི་བདེ་བ་དེ་འཐོབ་ཐུབ་པ་ཡིན་ཞེས་གསུངས་པ་འདི་ནི་བསྟན་པ་ཐུབ་པའི་དབང་པོས་རང་རིགས་བསོད་ནམས་ཅན་ལ་གསེར་གྱི་འཕང་བོ་ལག་ཏུ་སྟེར་བ་བཞིན་དུ་མ་ཡིན་ནམ། དེ་བས་ན་ཁ་ནང་ཟ་ཆོག་ཆོག་ལྟ་བུའི་བདེན་པ་བཞིའི་རྣམ་གཞག་འདི་ལ་ཞིབ་ཅིང་ཕྲ་བར་སྦྱོང་དགོས་པ་ནི་གལ་ཆེན་ནང་གི་གལ་ཆེན་ཡིན་ལ་ཅི་སྟེ་ཅུང་ཟད་ཙམ་གྱིས་བསླབ་ཐུབ་ཚེ་མི་ཚེ་གཅིག་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་བསྐྱལ་ཐུབ་པར་གདོན་མི་ཟའོ།། དེས་ན་ང་ཚོ་འཁོར་བ་འདི་ལས་ཐར་མ་བཅུག་པ་བཟོ་མཁན་གཏེ་བོ་དེ་ནི་སྡུག་བསྔལ་དེ་ཡིན་ཞིང་དེ་འདྲའི་སྡུག་བསྔལ་དེ་ནི་མ་རིག་པ་ལས་བྱུང་བ་ཡིན།
འཁོར་བ་ལས་ཐར་དགོས་ན་ཐོག་མར་སྡུག་བསྔལ་ངོ་ཤེས་དགོས་པ་ཡིན་ཏེ་༸གོང་ས་མཆོག་གིས་ནང་པའི་ལྟ་སྤྱོད་ཀུན་བཏུས་ལས་
“ཐོག་མའི་ཆ་ལ་སྡུག་བསྔལ་ངོས་འཛིན་བྱ་རྒྱུ་དེ་གལ་ཆེ་ཤོས་ཡིན། སྡུག་བསྔལ་ལ་སྤྱིར་བཏང་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་བཅས་རིགས་གསུམ་ཡོད། སྡུག་བསྔལ་གྱི་སྡུག་བསྔལ་ནི་མགོ་ནད་ལྟ་བུ་ང་ཚོས་དུས་རྒྱུན་དུ་ངོས་འཛིན་བྱེད་རྒྱུའི་ལུས་སེམས་ཀྱི་སྡུག་བསྔལ་རྣམས་ཡིན། སྡུག་བསྔལ་འདིའི་རིགས་ལས་གྲོལ་འདོད་ནི་མི་ཙམ་མ་ཟད་དུད་འགྲོ་ལ་ཡང་ཡོད། སྡུག་བསྔལ་འདིའི་རིགས་ཁག་ཅིག་སྨན་བསྟེན་པ་དང་གོས་དྲོ་པོ་གྱོན་པ། སྡུག་བསྔལ་འབྱུང་གཞི་གང་ཡིན་དེ་ལས་གཡོལ་ཐབས་བྱེད་པ་སོགས་ཀྱིས་བཟློག་ཐུབ། རིམ་པ་གཉིས་པ་འགྱུར་བའི་སྡུག་བསྔལ་ནི། ང་ཚོས་ཕྱི་ཚུལ་དུ་བདེ་བར་ངོས་འཛིན་བྱེད་ཀྱང་། དེར་ཞིབ་འཇུག་བྱས་ན། དོན་དངོས་པོའི་གནས་ཚོད་ལ་སྡུག་བསྔལ་ཞིག་ཏུ་གྱུར་ཡོད་པ་རྣམས་ཡིན། དཔེར་ན་དུས་རྒྱུན་དུ་བདེ་བར་ངོས་འཛིན་བྱེད་སའི་གཞི་སྣུམ་འཁོར་གསར་པ་ཞིག་ཉོས་པ་ལྟ་བུ་ལ་མཚོན་ན། དེ་ཐོག་མར་བྱུང་དུས་སྐྱིད་པོ་དང་། དགའ་པོ། འདོད་པ་ཚིམས་པོ་བཅས་ཡོང་གི་ཡོད་ཀྱང་། དེ་ཉིད་བེད་སྤྱད་པ་དེ་ཙམ་གྱིས་བདེ་བའི་སྣང་བ་འཕེལ་དགོས་ནའང་དེ་ལྟར་མི་ཡོང་བར་དེ་དག་བེད་སྤྱད་ཇི་ཙམ་མང་དུ་བཏང་བ་དེ་ཙམ་གྱིས་རྙོག་དྲ་ཆེ་རུ་འགྲོ་གི་ཡོད། དེས་ན་དེ་རྣམས་འགྱུར་བ་ཕྱིན་པའི་དབང་གིས་སྡུག་བསྔལ་གྱི་རང་བཞིན་མངོན་པར་གསལ་དུ་འགྲོ་བའི་རིགས་ལ་འགྱུར་བའི་སྡུག་བསྔལ་ཞེས་བརྗོད། སྡུག་བསྔལ་གྱི་རིམ་པ་གསུམ་པས་དང་པོ་གཉིས་ཀྱི་གཞི་བྱེད་ལ། དེའི་མཚན་གཞི་ནི། ང་ཚོའི་རྒྱུད་ཀྱི་ཟག་བཅས་ཀྱི་ལུས་སེམས་ཀྱི་ཕུང་པོ་གཉིས་ཡིན། དེ་འཁོར་བ་པའི་རིགས་ཐམས་ཅད་ལ་ཁྱབ་པའམ་འཇུག་པར་བྱེད་པས་ན་ཁྱབ་པ་དང་། དེ་ཉིད་ད་ལྟའི་སྡུག་བསྔལ་གྱི་གཞི་དང་། མ་འོངས་པར་སྡུག་བསྔལ་སྐྱེད་པར་བྱེད་པའི་ཆ་ནས་འདུ་བྱེད་པ་ཡིན་པས་དེ་ལ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་བརྗོད། སྡུག་བསྔལ་གྱི་རིགས་འདི་ནི་སྐྱེ་བའི་རྒྱུན་ཆད་ན་མ་གཏོགས་ནམ་ཡང་གཡོལ་ཐབས་མེད་”ཅེས་གསུངས་ཡོད་པ་ནི་སྡུག་བསྔལ་དེ་ཡང་རིགས་གསུམ་ནང་འདུ་ཞིང་མཐར་གཏུགས་ན་ལས་ཉོན་གྱི་མ་རིག་པ་དེ་ལ་ཐུག་ཡོད། དེ་ཡང་༸གོང་ས་མཆོག་གིས་“མཐར་གཏུགས་ན་བདེ་སྐྱིད་འདོད་ཅིང་སྡུག་བསྔལ་མི་འདོད་ཀྱང་། ང་ཚོར་རྟག་ཏུ་སྡུག་བསྔལ་འབའ་ཞིག་བྱུང་བ་རྒྱུ་གང་གིས་བྱས་སམ་སྙམ་ན། དེ་ནི་རྨོངས་པའི་དབང་གིས་འབྱུང་བ་ལས་དེ་མིན་སྡུག་བསྔལ་འབྱུང་བའི་རྒྱུ་གཞན་མེད་པས་མ་རིག་པ་གསུངས། མ་རིག་པ་ལ་རིམ་པ་མང་པོ་ཡོང་སྲིད་ཀྱང་། མདོར་ན་བླང་དོར་གྱི་གནས་ལ་རྨོངས་པའི་མ་རིག་པ་དང་འཁོར་བའི་རྩ་བར་གྱུར་པའི་མ་རིག་པ་གཉིས་སུ་གསུངས་ལ། ཕྱི་མ་འདི་བདེན་འཛིན་དུ་བཞེད་”ཅེས་གསུངས་ཡོད། མདོར་ན་ང་ཚོའི་རྒྱུད་ལ་མ་རིག་པའམ་གཏི་མུག་བདེན་འཛིན་གྱི་བློ་ཞིག་གིས་འཁོར་བའི་གནས་འདི་ན་སྡུག་བསྔལ་ལ་སྡུག་བསྔལ་ཡིན་པ་མ་ཤེས་པ་དང་བདེ་བའི་གནས་མཐོང་བ་རྣམས་བློ་འཁྲུལ་ཞིང་གཏན་གྱི་བདེ་བ་སྒྲུབ་པའི་ལམ་མཐོང་མ་ཐུབ་པ་དང་། དེ་ལ་བརྟེན་ནས་ནམ་ཡང་འཇིག་རྟེན་འཁོར་བའི་ཆོས་ལ་མངོན་སུམ་དོན་ལ་གནས་མེད་ཀྱང་དངོས་གནས་དོན་ལ་གནས་པ་ལྟར་དུ་འཛིན་ནས་དེ་ལ་ཞེན་ཅིང་ཆགས་ནས་འཆི་བའི་ཚེ་མ་ཟིན་བར་ལས་ཉོན་རྨོངས་པའི་གཞན་དབང་དུ་ཚུད་ནས་འཁོར་བའི་གནས་ལས་ཐར་མ་ཐུབ་པས་འཁོར་བར་ཡང་ཡང་སྐྱེས་པ་དེ་ནི་ཕྱིན་ཅི་ལོག་གི་བློ་གཏི་མུག་བདེན་འཛིན་དེ་ལས་བྲལ་མ་ཐུབ་པས་སོ།། འདིའི་ཐད་༸གོང་ས་མཆོག་གིས་གསུང་དོན་“ང་རང་ཚོར་འཁྲུལ་བའི་བློ་ཕྱིན་ཅི་ལོག་གི་རྩ་བ་གཏི་མུག་བདེན་འཛིན་གྱིས་ཡུལ་ཕྱི་ནང་གི་ཆོས་གང་འདྲ་ཞིག་སྣང་བ་ཡིན་ཡང་དེ་ཡུལ་སྟེང་ནས་སྣང་བ་དང་། དེ་ལ་བརྟེན་ནས་གལ་ཏེ་ཡུལ་དེ་འཐད་པ་ཞིག་ཡིན་ན་ནི་དེ་ལ་ཞེན་ཅིང་ཆགས་པ་དང་འདོད་པའི་རྣམ་པ་སྐྱེས་ཤིང་། གལ་ཏེ་ཡུལ་དེ་མི་འཐད་པ་ཞིག་ཡིན་ན་ནི་དེ་ལ་སྡང་སེམས་སྐྱེ་བས་ཆགས་སྡང་གི་རྩ་བ་གཏི་མུག་བདེན་འཛིན་གྱིས་བྱེད་ཚུལ་ཤེས་པ་ཡིན་ན། རང་རེས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་དེ་རིང་གཅིག་པུ་མིན་པར་ཚེ་རབས་ནས་ཚེ་རབས་བརྒྱུད་དེ་ནན་གྱིས་དེ་ལྟར་བྱས་ཀྱང་གནས་སྟངས་འདི་ལས་མ་བྱུང་བ་རྩ་བ་ག་འདྲ་ཞིག་གིས་མ་འགྲིགས་པའི་ཚུལ་ལ་བསམས་ནས། རང་གི་སེམས་རྒྱུད་ཀྱི་སྟེང་ནས་ལྟ་ཚུལ་ནོར་བ་ཞིག་དང་། འདི་འདྲའི་ཆགས་སྡང་གི་དབང་གིས་མི་འདོད་བཞིན་དུ་སྡུག་བསྔལ་གྱི་རྒྱུ་ལ་རང་དགར་འཇུག་ཅིང་། དེ་ཡི་དབང་གིས་སྡུག་བསྔལ་ཆུ་ཡི་གཉེར་མ་བཞིན་དུ་འབྱུང་བ་ཡིན། དེ་ལྟར་རང་ཉིད་ཕུང་བར་བྱེད་པའི་ཉོན་མོངས་ཀྱི་གཞན་དབང་ངམ་བྲན་གཡོག་ཏུ་གནས་ཕྱིན་ཆད་སྐྱིད་པོ་མེད་པ་ཧ་ཅང་གསལ་པོ་ཡིན་”ཞེས་གསུངས་པ་ནི་མར་གྱི་ནང་ནས་སྤུ་བཏོན་པ་བཞིན་དུ་ཟབ་པ་དང་རྒྱ་ཆེ་བའི་ནང་པ་སངས་རྒྱས་པའི་ཆོས་ཀྱི་སྙིང་པོ་བསྡུས་ནས་དབྱར་གྱི་སྦྲང་ཆར་བབ་པ་ལྟར་བཀའ་གསུང་ཕེབས་ཤིང་ལྷག་དོན་༸གོང་ས་མཆོག་གིས་མ་རིག་པ་ཉོན་མོངས་ཀྱི་རྩ་བ་གཏི་མུག་བདེན་འཛིན་ཡིན་ཞེས་མིག་སྔར་མདའ་འཕེལ་ཡུལ་གྱི་འབེན་ལྟ་བུར་བསྟན་པ་འདི་ནི་མུན་སེལ་ཉི་མའི་ཟླར་སོང་། དེ་ཡང་འཁོར་བའི་རྩ་བ་མཐར་ཐུག་པ་ནི་ཉོན་མོངས་པའི་རྩ་བ་གཏི་མུག་བདེན་འཛིན་དེ་ཡིན་ཞིང་། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའི་རྟེན་འབྲེལ་གྱི་རྣམ་གཞག་ཕྲ་མོར་བློ་ཁ་མ་ཕྱོགས་པའི་སོ་སོ་སྐྱེ་བོ་ཐ་མ་བ་རྣམས་དུས་ནམ་ཡང་འཁོར་བའི་ཆོས་རྣམས་ལ་གང་མཐོང་བ་ལྟར་བདེན་པར་འཛིན་ཞིང་བདེན་པ་མ་གྲུབ་པའི་གནས་ལུགས་མཇལ་བ་ནི་ཉིན་མོའི་སྐར་མ་དང་གཉིས་སུ་མ་བྲལ། དེ་བས་ན་གནད་དམ་པ་འདིའི་ཐད་ལ་༸གོང་ས་མཆོག་གིས་“ཉོན་མོངས་ཀྱི་རྩ་བ་གཏི་མུག་བདེན་འཛིན་ཞེས་པ་ནི་ད་ལྟ་རང་རེར་ཆུ་ཚོད་ཉི་ཤུ་རྩ་བཞིའི་རིང་རྨི་ལམ་ཚུན་ཆད་ལ་ཡུལ་གང་སྣང་ཡང་དོན་སྟེང་ནས་ཡོད་པ་ཞིག་སྣང་གིན་ཡོད། སྣང་བ་ལྟར་དུ་ཞེན་ཅིང་དེ་ལ་བརྟེན་ནས་ཆགས་སྡང་སྐྱེས་པ་ང་ཚོས་ཤེས་གསལ་ཡིན། དེ་ལྟར་གཏི་མུག་བདེན་གྱིས་རང་ཉིད་ཕུང་ལ་སྦྱོར་ཚུལ་ཤེས་ཐུབ་པ་ཞིག་དང་། དེ་ལ་ཅུང་ཟད་གོ་བ་ཞིག་ཆགས་ན་གཏི་མུག་བདེན་འཛིན་ཟེར་བ་དེ་ག་འདྲ་ཞིག་ཡོད་པ་བློ་ལ་འཆར་ཐུབ། དེ་དང་ཕྱོགས་མཚུངས་ཆོས་ཐམས་ཅད་བདག་མེད་དུ་གསུངས་པ་དང་། བདེན་མེད་ཡིན་པའི་སྒྲུབ་བྱེད་དུ་མ་ཞིག་གསུངས་པ་དེ་དག་ལ་མནོ་བསམ་ཞིག་བཏང་ན་འདི་དངོས་གནས་བསལ་བློ་གཏང་ས་ཞིག་ཡོད་པ་བློ་ལ་འཆར་ཐུབ། ཉོན་མོངས་པའི་རྩ་བ་གཏི་མུག་བདེན་འཛིན་དེ་ཉིད་སྟོབས་ཆེན་པོ་ཞིག་ཐོག་མ་མེད་པ་ནས་ད་ལྟའི་བར་རང་རེའི་རྒྱུད་ལ་གྲྭ་གྲུ་མ་ཉམས་པར་གནས་ཀྱང་དེ་ལ་རྩ་བའི་ཁུངས་མེད་པ་དང་ཕྱིན་ཅི་ལོག་གི་བློ་ཞིག་ཡིན་པས་རྒྱབ་རྟེན་ཚད་མ་མེད་ལ། ཚུར་ཕྱོགས་ནས་བདག་མེད་རྟོགས་པའི་ཤེས་རབ་དེ་ད་ལྟ་རང་རེའི་རྒྱུད་ལ་གོ་བ་ཙམ་ཡང་ཆགས་དཀའ་བ་ཞིག་ཡིན་ཡང་སྤོབས་པའི་སྟོབས་བསྐྱེད་དེ་འབད་ན་གང་འཚམས་རྗེས་རང་རྒྱུད་ལ་ངེས་ཤེས་ཐོབ་པ་ཞིག་བྱུང་ན་ནི་དེ་ལ་རྒྱུ་མཚན་ཡོད་པ་དང་། རྒྱུ་མཚན་ཡོད་པ་དེ་ཇི་ཙམ་དཔྱད་པ་དེ་ཙམ་དུ་ངེས་པ་ཤུགས་ཆེ་རུ་འགྲོ་བས་འདི་ལྟར་གཏི་མུག་བདེན་འཛིན་ཉིད་ཟད་རྒྱུ་དང་། སྟོབས་ཆུང་དུ་འགྲོ་རྒྱུ་ཡོད་པར་ཤེས་ཤིང་། སྟོབས་ཆུང་དུ་སོང་བ་ཙམ་དུ་མ་ཟད་གཏན་ནས་ཟད་པའང་ཡོད་དེ། རྣམ་འགྲེལ་ལེའུ་གཉིས་པའི་སྐབས་ནས་གསུངས་པ་དང་། ལྷག་པར་རྒྱུད་བླ་མའི་ནང་ཞིབ་ཅིང་ཕྲ་བའི་བཤད་པ་མཛད་པ་བཞིན་སྤང་བྱ་ཉོན་མོངས་དེ་དག་ཕྱིན་ཅི་ལོག་གི་བློ་ཡིན་པས་གློ་བུར་བའི་ཚུལ་དུ་གནས་ཤིང་ཡུལ་རིག་པའི་ནུས་པ་དེ་རང་ཆས་སུ་གནས་པ་ཞིག་དང་། སྐྱོན་ཅན་གྱི་བློ་དེ་རྣམས་འབྲལ་རུང་གི་ཚུལ་དུ་གནས་པ་དང་རྩ་བའི་སེམས་ཀྱི་གཤིས་ལ་ཞུགས་མེད་པ། སེམས་རང་བཞིན་གྱིས་འོད་གསལ་བ་བཅས་ཀྱི་གོ་དོན་རྣམས་ཕན་ཚུན་བསྡུར་ནས་དཔྱད་ན་སེམས་ལ་ཕྲན་བུའི་བཟོ་ལྟ་ཞིག་ཆགས་རྒྱུ་ཡོད་”ཅེས་གསུངས་པ་ལྟར། ང་ཚོའི་སེམས་ཀྱི་རང་བཞིན་ནི་དྭངས་ཤིང་གསལ་བ་ཞིག་ཡིན་ཡང་མ་རིག་པའི་ཉོན་མོངས་ཀྱིས་ལྷད་པ་ཡིན་པས་གནས་ལུགས་རྟོགས་པའི་ཤེས་རབ་མི་འབྱུང་ལ་འཁོར་བའི་ཆོས་རྣམས་བདེན་གྲུབ་ཏུ་འཛིན་པའི་གཏི་མུག་བདེན་འཛིན་ལ་གོམས་སྟོབས་ཀྱིས་ལས་ངན་པར་ངང་ངམ་ཤུགས་ཀྱིས་འཇུག་པ་དང་སྡུག་བསྔལ་གྱི་མེ་ཕུང་ལྟ་བུ་ཞིག་ན་བསྡད་ཡོད། དེར་བརྟེན་ཉོན་མོངས་པའི་གཏི་མུག་བདེན་ལས་བྲལ་དགོས་ན་གནས་ལུགས་རྟོགས་པའི་ཤེས་རབ་བམ་རྟེན་འབྲེལ་གྱི་རྣམ་གཞག་ཕྲ་མོར་ངེས་པ་བརྙེད་རྒྱུ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་པས་བདེན་བཞིའི་རྣམ་གཞག་ཕྲ་ཞིང་ཕྲ་བ་ངེས་དགོས་ན་སྡུག་བསྔལ་བདེན་པའི་རང་བཞིན་དང་ངོ་བོ་དབྱེ་བ་བཅས་ལ་བསླབ་དགོས་པ་དང་། རྒྱུ་ཀུན་འབྱུང་བདེན་པའི་ནང་གསེས་དབྱེ་བ་བཅས་ལ་ཞིབ་ཚགས་འཇུག་དགོས་ཤིང་། འགོག་པའི་བདེན་པ་ཡང་ཐོག་མར་ལམ་གྱི་བདེན་པའི་རང་བཞིན་དང་དབྱེ་བའི་རྣམ་གྲངས་ལ་སེམས་རྩེ་གཅིག་ཏུ་བསླབ་དགོས་པ་ཡིན་པས་གཤམ་དུ་ཁོ་བོས་བདེན་པ་བཞིའི་ངོ་བོ་དང་དབྱེ་བ་བཅས་རགས་པ་ཙམ་གྱིས་བཀོད་ཡོད་ལགས།
བདེན་བཞིའི་ངོ་བོ་དང་དབྱེ་བའི་ཕྱོགས་སུ་བལྟ་བ།
རང་གི་རྒྱུ་ཀུན་འབྱུང་བདེན་པ་ལས་བྱུང་བའི་འཁོར་བའི་བསྡུས་པའི་ཆོས་ཤིག་ལ་སྡུག་ངན་བདེན་པ་ཞེས་ཟེར་ཞིང་དེ་ལ་དབྱེ་ན་སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་དང་གསུམ་ཡོད། རང་འབྲས་སྡུག་ངན་བདེན་པ་སྐྱེད་བྱེད་ཀྱི་འཁོར་བའི་བསྡུས་པའི་ཆོས་ཤིག་ལ་ཀུན་འབྱུང་བདེན་པ་ཞེས་ཟེར། དེ་ལ་དབྱེ་ན་ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་གཉིས་ཡོད། ཉོན་མོངས་པའི་ཀུན་འབྱུང་ལ་འདོད་ཆགས། ཞེ་སྡང་། གཏི་མུག གསུམ་ཡོད། སྤང་བྱ་སྤངས་ནས་ཟད་པའི་ཆ་དེའམ་སྤང་བྱ་སྤངས་པའི་འགག་པ་དེ་ལ་འགོག་པའི་བདེན་པ་ཞེས་ཟེར། དེ་ལ་དབྱེ་ན་ཉན་ཐོས་ཀྱི་འགོག་བདེན། རང་རྒྱལ་གྱི་འགོག་བདེན། ཐེག་ཆེན་གྱི་ལམ་བདེན། རང་གི་འབྲས་བུར་གྱུར་པའི་འགོག་བདེན་ཐོབ་བྱེད་ཀྱི་ཐབས་ཀྱི་རིགས་སུ་གནས་པ་ཞིག་ལ་ལམ་གྱི་བདེན་པ་ཞེས་ཟེར་རོ། དེ་ལ་དབྱེ་ན་ཉན་ཐོས་ཀྱི་ལམ་བདེན། རང་རྒྱལ་གྱི་ལམ་བདེན། ཐེག་ཆེན་གྱི་ལམ་བདེན། གསུམ་ཡོད། མཚན་ཉིད་ཐད་ལ་རྒྱུ་མཚན་ཉིད་ཀྱི་ཐེག་པ་རྣམ་པར་གཞག་པ་སྐབས་ལས་ “ཀུན་འབྱུང་གིས་བསྐྱེད་པའི་འབྲས་བུ་ཟག་པ་དང་བཅས་པའི་ཕུང་པོ་བསྟན་པ་དང་མཐུན་པ་སྡུག་བསྔལ་བདེན་པའི་མཚན་ཉིད། སྡུག་བསྔལ་ཉེར་ལེན་གྱི་ཕུང་པོ་སྐྱེད་བྱེད་བསྟན་པ་དང་མཐུན་པ་ཀུན་འབྱུང་བདེན་པའི་མཚན་ཉིད། དེ་བཞིན་ཉིད་གློ་བུར་གྱི་དྲི་མས་དག་པ་བསྟན་པ་དང་མཐུན་པ་འགོག་བདེན་གྱི་མཚན་ཉིད། ཐར་པར་བགྲོད་པའི་འཇུག་ངོགས་བསྟན་པ་དང་མཐུན་པ་ལམ་བདེན་གྱི་མཚན་ཉིད་དོ་” ཞེས་གསུངས་འདུག བདེན་པ་བཞི་པོ་རེ་རེ་ལ་རྣམ་པ་བཞི་རེ་ཡོད་དེ། སྡུག་བསྔལ་བདེན་པའི་རྣམ་པ་བཞི་ནི། མི་རྟག་པ། སྡུག་བསྔལ་བ། སྟོང་པ། བདག་མེད་པའོ།། ཀུན་འབྱུང་བདེན་པའི་རྣམ་པ་བཞི་ནི། རྒྱུ། ཀུན་འབྱུང་། རབ་སྐྱེ། རྐྱེན་རྣམས་སོ།། འགོག་པའི་བདེན་པའི་རྣམ་པ་བཞི་ནི། འགོག་པ། ཞི་བ། གྱ་ནོམ། ངེས་འབྱུང་བཅས་སོ།། ལམ་གྱི་བདེན་པའི་རྣམ་པ་བཞི་ནི། ལམ། རིགས་པ། སྒྲུབ་པ། ངེས་འབྱིན་ནོ།། བཅས་རྣམ་པ་བཞི་པོ་རེ་རེ་བ་ལ་འགྲོ་ཚུལ་དང་ནང་གསེས་ཞིབ་ཚགས་འགྲོ་རྒྱུ་ཡོད་པས་གསར་བུ་བདག་འདྲ་བ་ཞིག་གིས་བདེན་བཞིའི་རྣམ་གཞག་དཔྱིས་ཕྱིན་པ་ཞིག་རྟོགས་རྒྱུ་ནི་ཡོང་ཐབས་མེད་པ་ཞིག་རེད་འདུག་པས་གནས་སྐབས་འདི་ཙམ་གྱིས་བསྡུས་པར་བྱས་སོ།།
མཇུག་བསྡུ་བའི་གཏམ།
ཁོ་བོ་ལྟ་བུ་ནི་སྤྱིར་ནང་ཆོས་ཀྱི་གོ་རྟོགས་དམན་ཞིང་ལྷག་དོན་ནང་ཆོས་སློབ་སྦྱོང་གི་བརྒྱུད་རིམ་མེད་པས་བདེན་བཞིའི་རྣམ་གཞག་ལྟ་བུ་ཞིག་ལ་འཇུག་པ་ནི་ཆེས་མི་འཚམ་ཡང་རང་ཉིད་རབ་བྱུང་པ་ཞིག་ཡིན་པའི་ཆ་ནས་མ་ཤེས་ན་སྦྱོང་དགོས་པ་དང་ཤེས་པ་དེ་ཉམས་སུ་ལེན་རྒྱུ་ནི་འོས་བབ་ཀྱི་འགན་འཁྲི་ཞིག་ཡིན་སྟབས་བདག་ལ་བདེན་པ་བཞིའི་རྣམ་གཞག་སྐོར་ཤེས་འདོད་ཀྱི་མོས་པ་བཟང་པོ་ཞིག་བྱུང་བ་ལ་བརྟེན་ནས་ཐོག་མར་བདེན་བཞི་དང་འབྲེལ་བའི་དཔེ་དེབ་འཚོལ་སྒྲུབ་དང་སྒྲ་ཐག་ཉན་པ་བཅས་ཀྱིས་ད་གཟོད་བདེན་པ་བཞིའི་སྐོར་ལ་རྟོགས་ཟད་ཕྲན་བུ་བྱུང་ཐོག་གཞན་ལ་དྭོགས་འདྲི་ཡང་ཡང་བརྒྱུད་པའི་མཐར་ཡིག་ཐོག་ཏུ་ཕབ་འབྲི་ཐུབ་པ་བྱུང་སོང་མོད། འོན་ཀྱང་རང་ཉིད་ལ་སྤྱིར་ཤེས་ཚད་དང་སྒོས་སུ་ནང་ཆོས་ཀྱི་གོ་རྟོགས་འཕོང་པ་ཡིན་པས་ཕྱོགས་ཀུན་ནས་ནོར་འཛོལ་རི་བོ་བཏོས་དང་མཉམ་པ་ཞིག་ཡོད་ལགས་ན་ཤེས་འཇོན་ལྷག་བསམ་གྱིས་རབ་ཏུ་ཕྱུག་པའི་བཀུར་འོས་དགེ་རྒན་མཆོག་གིས་ནོར་བཅོས་དང་ལམ་སྟོན་སྔར་བཞིན་དུ་ཡོང་བར་ཞུ།། །།
ཞེས་གུས་ཡེ་ཤེས་བསམ་གཏན་གྱིས་ཕྱི་ལོ་ ༢༠༡༢ ཟླ་བ་ ༣ ཚེས་ ༣ ཉིན་ཕུལ།
བལྟ་ཀློག་རྒྱུ་ཆ།
༡།
ཚད་མ་རྣམ་འགྲེལ་གྱི་ཚིག་ལེའུར་བྱས་པའི་རྣམ་བཤད་ཐར་ལམ་ཕྱིན་ཅི་མ་ལོག་པར་གསལ་བར་བྱེད་པ།
༢། ཀུན་བཟང་བླ་མའི་ཞལ་ལུང་།
༢། བྱམས་བརྩེའི་རིན་ཐང་།
༣།
བོད་གངས་ཅན་གྱི་ཁྱད་ནོར།
༤། རྒྱུ་མཚན་ཉིད་ཀྱི་ཐེག་པ་རྣམ་པར་གཞག་པ་སྐབས།
༥། བོད་ཀྱི་ནང་ཆོས་ངོ་སྤྲོད་སྙིང་བསྡུས།
༦། ནང་པའི་ལྟ་སྤྱོད་ཀུན་བཏུས།
༧། འཕགས་པའི་བདེན་པ་བཞི།
༨། མཁས་དབང་ཟམ་གདོང་གི་བཀའ་ཁྲིད།
ཡག་པོ་དཔེ་འདུག
ReplyDeleteབཀྲིན་ཆེ་དངོས་གནས་ཕན་རླབས་ཆེན་པོ་བྱུང་།
ReplyDeleteཧ་ཅང་ལེགས། བཀའ་འདྲིན་ཆེ།
ReplyDeleteལེགས་སོ།🙏🙏🙏
ReplyDelete